ཨུ་རུ་སིའི་སྒེར་གྱི་གནམ་གྲུ་ཞིག་སར་ལྷུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་ཝ་ཀི་ནཱའི་སྲོལ་འབྱེད་མཁན་ཕུའུ་ལི་ཀི་རིན་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སྒེར་གྱི་གནམ་གྲུ་ཞིག་ཉིན་དེར་ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཐི་ཝེ་ཨར་མངའ་སྡེ་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཅུ་བོ་ཚང་མ་རྐྱེན་ལམ་དུ་ཤོར།

བྲེལ་མྱུར་གནས་ཚུལ་པུའུ་ཡི་གསར་འགྱུར་ཅུའུ་ཡིས་བསྒྲགས་པ་ལྟར་ན། སྒེར་གྱི་གནམ་གྲུ་དེ་རྒྱལ་ས་མའོ་སི་ཁོ་ཡི་ཞེ་ལེ་མཱེ་ཅེ་བོ་གནམ་གྲུ་ཐང་ནས་འཕུར་བ་དང་། ཧྲིན་པིས་ཏི་པའོ་རུ་འཕུར་རྩིས་ཡོད་པ་རེད། གནམ་གྲུའི་སྟེང་བསྡོམས་པས་མི་བཅུ་ཡོད་ལ། དེའི་ནང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གསུམ་འདུས། བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་བ་རེད།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ལས་དོན་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀི་ནཱ་རྩ་འཛུགས་ཀྱི་སྲོལ་འབྱེད་མཁན་ཕུའུ་ལི་ཀི་རིན་ཉིན་དེར་བྱུང་བའི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།