ཝུའུ་ཁི་ལན་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཚེས་ཉེར་བཞི་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉིན་དེའི་ཞོགས་པར་མཚོ་དམག་གི་རྒྱབ་སྐྱོར་འོག ཝུའུ་ཁི་ལན་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཁི་ལི་མུས་ཡཱ་ནས་དམིགས་བསལ་གྱི་དམག་དོན་འགུལ་སྐྱོད་ཅིག་ལག་བསྟར་བྱས་པ་དང་། ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དཔུང་གྲུ་གཟིངས་ལ་བསྡད་དེ་ཁི་ལི་མུས་ཡཱའི་ཆེས་ནུབ་ངོས་ཀྱི་ཨོ་ལེ་ནེ་ཨོ་ཧྥུའུ་ཁཱ་དང་མཱ་ཡཱ་ཁི་ནས་སྐམ་སར་བུད་ཡོད་ཟེར།
འགུལ་སྐྱོད་སྤེལ་སྐབས་ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དཔུང་དང་ཨུ་རུ་སིའི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ། ཨུ་རུ་སིའི་དམག་མིར་གྱོང་གུད་ཐེབས་ཡོད་ལ། ཨུ་རུ་སིའི་དམག་ཆས་ལ་གཏོར་བཤིག་ཐེབས་ཡོད། སྔར་ལས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཚང་མ་ཡོངས་འགྲུབ་བྱས་རྗེས། ཝུའུ་ཁི་ལན་གྱི་དམག་མི་དག་ལ་ཤི་རྨས་གཅིག་ཀྱང་མ་བྱུང་བའི་གནས་ཚུལ་འོག་ཁི་ལི་མུས་ཡཱ་ནས་ཕྱིར་འཐེན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།