ཁྲའོ་ཞན་གྱིས་འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་མགོ་བརྩམས་པར་རྒོལ་གཏམ་དྲག་པོ་བཏང་།
2023.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་བཞི་ཉིན་གཏམ་བཤད་སྤེལ་ཏེ། འཇར་པན་གྱིས་ཉིན་དེར་ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་མགོ་བརྩམས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ནི་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པ་དང་མིའི་རིགས་ཀྱི་འཚོ་སྡོད་ལ་འཇིགས་ཉེན་བཟོ་བའི་བྱ་སྤྱོད་ཅིག་རེད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པའི་སྐད་ཆ་དྲངས་ནས་བཤད་རྒྱུར། འཇར་པན་གྱིས་རྒྱལ་ནང་གི་ངོ་རྒོལ་དང་ཉེན་བརྡ་གཏོང་བ་སྣང་མེད་དུ་བསྐྱུར་ནས། ཨུ་ཚུགས་མཐར་སྐྱེལ་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་ལག་བསྟར་བྱས་པ་དེ་ནི་སྒེར་གྱི་ཁེ་ཕན་ཙམ་གྱི་ཆེད་ལ་མིའི་རིགས་ཡོངས་ལ་གནོད་འཚེ་བཟོས་པར་ཁ་ཡ་མི་བྱེད་པའི་མི་ཆོས་དང་འགལ་བའི་ནག་ཉེས་བྱ་སྤྱོད་ཅིག་རེད་ཟེར།

གཏམ་བཤད་ལས་འཇར་པན་ཕྱོགས་ཀྱིས་མྱུར་མོར་མིའི་རིགས་ཀྱི་ཚེ་སྲོག་བདེ་འཇགས་དང་མ་འོངས་པར་འཇིགས་ཉེན་ཚབས་ཆེན་བཟོ་བའི་ཉེན་ཁ་ཧ་ཅང་ཆེ་བའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་དེ་རྩིས་མེད་དུ་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་བ་ལས་བཟོ་སྲིད་པའི་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་དེ་འཇར་པན་གྱིས་ཁུར་དུ་ལེན་དགོས་པའི་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།