མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་གཞོན་པ་ཀིན་ཧྲོང་གིས་ཚེས་ཉེར་ལྔ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཇིགས་སྐུལ་ངོ་རྒོལ་གྱི་གནད་དོན་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། རྒྱལ་སྤྱིའི་འཇིགས་སྐུལ་ལ་རྒོལ་བའི་མཉམ་ཤུགས་གཅིག་སྡུད་བྱེད་དགོས་པའི་འབོད་སྐུལ་བཏང་སྟེ། འཇིགས་སྐུལ་ལ་རྒོལ་བའི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་གཡོལ་ཐབས་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་འབྱུང་རྩ་མེད་པར་བཟོ་དགོས་པར་འདོད།
ཀིན་ཧྲོང་གིས་བཤད་རྒྱུར། འཇིགས་སྐུལ་པའི་བྱ་འགུལ་ཁྱབ་རྒྱ་ཆེ་ཞིང་རྩ་འཛུགས་རྙོག་འཛིང་ལྡན་པ་དང་། མི་སྣའི་འགུལ་སྐྱོད་མང་བར་བརྟེན། རྒྱལ་ཁབ་གཅིག་གི་ནུས་ཤུགས་ཀྱིས་ངོ་རྒོལ་བྱེད་དཀའ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སྙན་ཞུ་ལས། ཕྱོགས་མང་མཉམ་ལས་དེ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་ལ་ཁ་གཏད་ནུས་ལྡན་འཇལ་བའི་འགག་རྩ་གལ་ཆེན་ཞིག་ཡིན་ཞེས་གསལ་བོར་བསྟན་ཡོད་པས། ཕྱོགས་སོ་སོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཁྲོད་མཐུན་སྦྱོར་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་བོའི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ནས། ཆེས་རྒྱ་ཆེ་བའི་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་ཕྱོགས་གཅིག་གྱུར་ལམ་ཐིག་གྲུབ་པར་བྱེད་དགོས་ཟེར།
ཀིན་ཧྲོང་གིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཏན་ཁེལ་བྱས་པའི་འཇིགས་སྐུལ་རྩ་འཛུགས་དང་མི་སྒེར་གང་ཡིན་རུང་། རྒྱལ་ཁབ་སོ་སོར་འབྲེལ་ཡོད་ཆད་གཅོད་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པའི་འོས་འགན་ཡོད་ལ། འཇིགས་སྐུལ་ངོ་རྒོལ་གནད་དོན་སྟེང་ཚད་གཞི་གཉིས་བརྩེགས་དང་བདམས་གསེས་རང་བཞིན་གྱི་བྱ་སྤྱོད་སྤེལ་ན། འཇིགས་སྐུལ་བྱ་འགུལ་རྒྱ་ཡན་དུ་བཏང་བ་ཡིན་ལ། རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་མཉམ་ལས་ལ་གནོད་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱིས་དམིགས་བསལ་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོགས་དང་འབྲེལ་བ་འཛུགས་པར་ངོ་རྒོལ་བྱེད་པ་མ་ཟད། གྲངས་ཉུང་མི་རིགས་དང་ཆོས་ལུགས་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དང་ཁ་གཡར་ནས་འཇིགས་སྐུལ་རྩ་འཛུགས་རྒྱ་ཡན་དུ་གཏོང་བ་དང་དྲག་ཤུགས་འཇབ་རྒོལ་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
ཀིན་ཧྲོང་གིས་བཤད་རྒྱུར། འཕེལ་རྒྱས་མི་འདང་བ་ནི་འཇིགས་སྐུལ་རིང་ལུགས་འཕེལ་རྒྱས་འགྲོ་བའི་འབྱུང་རྩའི་གྲས་ཀྱི་གཅིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས་ཏེ། དཀའ་ཁག་སེལ་བ་དང་སློབ་གསོ་མཐོར་འདེགས་གཏོང་བ། ལས་ཞུགས་རྒྱ་བསྐྱེད་ནས། ན་གཞོན་ཚོར་ཐལ་དྲགས་བསམ་བློའི་བསླུ་བྲིད་ཐེབས་པར་སྔོན་འགོག་བྱེད་དགོས།
ཀིན་ཧྲོང་གིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་སྔར་འཇིགས་སྐུལ་རིང་ལུགས་ཀྱིས་གསར་དར་ལག་རྩལ་བཀོལ་སྤྱོད་བྱེད་པ་དང་། འཇིགས་སྐུལ་མ་དངུལ་སྣེ་མང་ཅན། འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་ཁབ་བརྒལ་ནས་ནག་ཉེས་རྩ་འཛུགས་དང་མཉམ་ལས་བྱེད་པ། མཐའ་མཚམས་དོ་དམ་དང་ཁྲིམས་བསྟར་ནུས་པ་ཞན་པ་སོགས་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་ནས་ཁ་གཏད་འཇལ་དགོས། ཆ་འཕྲིན་མཉམ་སྤྱོད་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཁྲིམས་འཛིན་མཉམ་ལས་མཐོར་འདེགས་གཏོང་དགོས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།