པོ་ལིས་ཝེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཧྥེ་ཨར་ནན་ཏོ་ཝ་ན་ཁུའུ་ནེ་ཡིས་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བའི་རེ་མདུན་དང་མཐུན་ཞེས་བཤད།
2023.08.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

པོ་ལིས་ཝེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཧྥེ་ཨར་ནན་ཏོ﹒ཝ་ན་ཁུའུ་ནེ་ཡིས་ཉེ་ལམ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་གྱིས་ཐོག་མཐའ་བར་གསུམ་དུ་མཉམ་ལས་དངོས་གཉེར་རྒྱུན་འཁྱོངས་བྱེད་པ་དང་།  ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བའི་རེ་འདུན་དང་མཐུན་ཟེར།

ཝ་ན་ཁུའུ་ནེ་ཡིས་བཤད་རྒྱུར། དེང་སྐབས་ཀྱི་འཛམ་གླིང་ཆབ་སྲིད་འགྱུར་ལྡོག་དུས་སྐབས་སུ་གནས་པས། གསར་དར་ཁྲོམ་རའི་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད། གསེར་གྱོམ་རྒྱལ་ཁབ་ནི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་ལྟ་བུ་ཡིན་པས། གསེར་གྱོམ་རྐྱེན་སྲོལ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བའི་རེ་འདུན་དང་མཐུན། ལ་ཏེན་མེ་གླིང་རྒྱལ་ཁབ་ཧུར་ཐག་གིས་གསེར་གྱོམ་རྐྱེན་སྲོལ་ནང་ཞུགས་པ་ལས་རྒྱལ་ཁབ་འདི་དག་གི་ཐུན་མོང་མདུན་ལྗོངས་མཚོན་ཡོད་ཟེར།

ཝ་ན་ཁུའུ་ནེ་ཡིས་བཤད་རྒྱུར།  ཨ་མེ་རི་ཁས་མིན་ལོ་རིང་ལུགས་ཀྱི་ལྟ་ཚུལ་བཟུང་ནས། ལ་ཏིན་མེ་གླིང་བདག་བཟུང་བྱེད་འདོད་ཡོད།  བཙན་དབང་རིང་ལུགས་དང་ཐེ་གཏོགས་བྱེད་ཐབས་སྤྱད་ནས་ལ་ཏིན་མེ་གླིང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་བཀག་འགོག་བྱེད་བཞིན་ཡོད།  པོ་ལིས་ཝེ་ཡ་ཡིས་ཨ་མེ་རི་ཁ་དང་ནུབ་ཕྱོགས་ཀྱི་བཙན་དབང་དང་འདུ་ཤེས་འཛིན་སྟངས་ཀྱི་བཀག་རྒྱ་ལས་ཐར་བར་བྱས་ཏེ། འདྲ་མཉམ་དང་ལ་རྒྱ་ཡོད་པའི་སྒོ་ནས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འདྲེས་པར་བྱས་ནས། རང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་དཔལ་འབྱོར་རང་ཚུགས་ཀྱི་སྔོན་འགྲོའི་འོག་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་ཐད་འཆར་འགོད་བྱེད་འདོད་ཡོད་ཟེར།

ན་ཝ་ཁུའུ་ནེ་ཡིས་བཤད་རྒྱུར། པོ་ལིས་ཝེ་ཡས་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་ཏེ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་མཉམ་དུ་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་མ་ཟད། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

                                                                                                 རིག་འཛིན་སྒྲོལ་མས་བསྒྱུར།