ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་གཞོན་པ་ཀུན་ཧྲོང་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན་སྲིད་གཞུང་ལ་རེ་བ་བཏོན་ནས་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ཉིང་རྡུལ་བཙོག་ཆུ་རྒྱ་མཚོའི་ནང་དུ་འབུད་མཚམས་མྱུར་དུ་འཇོག་རྒྱུ་དང་། རྣམ་འགྱུར་དྲང་མོས་འབྲེལ་ཡོད་རྒྱལ་ཁབ་དང་ཁེ་ཕན་འབྲེལ་ཡོད་ཕྱོགས་ལ་འབྲེལ་འདྲིས་རྣམ་དག་བྱས་ཏེ། འགན་ཁུར་ནས་ཉིང་རྡུལ་བཙོག་ཆུ་ཐག་བཅད་དེ། འཛམ་གླིང་ཧྲིལ་བོའི་རྒྱ་མཚོའི་ཁོར་ཡུག་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ཐད་ལ་བརྗོད་དུ་མེད་པའི་གཏོར་བརླག་དང་གནོད་པ་མི་ཐེབས་པར་བྱ་རྒྱུའི་འབོད་སྐུལ་བཏང་།
ཀུན་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འཇར་པན་ཧྥུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པའི་གནད་དོན་སྐོར་གྱི་གྲོས་ཚོགས་སྟེང་བསྟན་དོན། རྒྱལ་མཚོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ལ། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཚོམ་རྒྱལ་ཁབ་དག་ལ་མཚོན་ན་འཚོ་གནས་དང་འབྲེལ་བའི་ལྗང་མདོག་གི་ཁྱིམ་གཞིས་དེ་ལས་ཀྱང་ཡིན། ལོ་བཅུ་གཉིས་ཀྱི་སྔོན་ལ། འཇར་པན་ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་སུ་དོན་རྐྱེན་ཚབས་ཆེན་བྱུང་ནས། རྒྱ་མཚོ་ནང་དུ་འགྱེད་འཕྲོ་རང་བཞིན་གྱི་དངོས་རྫས་འབོར་ཆེན་ཕུད་དེ། ཆག་སྒོ་ཚབས་ཆེན་བཟོས་ཡོད། ལོ་བཅུ་གཉིས་ཀྱི་རྗེས་ཏེ་ཁ་སང་འཇར་པན་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་འདྲི་དང་ངོ་རྒོལ་བྱས་པར་མ་འཛེམ་པར། རང་འདོད་ལྟར་བཙན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོའི་ནང་དུ་ཕུད་པ་དེས། ཡང་བསྐྱར་ས་དེའི་མང་ཚོགས་དང་ཐ་ན་འཛམ་གླིང་མི་དམངས་ལ་ཐེངས་གཉིས་པར་གནོད་པ་བཟོས་པ་རེད། ཉིང་རྡུལ་བཙོག་ཆུ་ཐག་གཅོད་པ་དེར་རྒྱལ་ཁོངས་ལས་བརྒལ་བའི་ཤུགས་རྐྱེན་ཡོད་པས། འཇར་པན་གཅིག་པུའི་དོན་དག་གཏན་ནས་མིན། འཇར་པན་ཕྱོགས་ཀྱི་བྱ་སྤྱོད་དེས་སྤྱི་བའི་ཁེ་ཕན་སྣང་མེད་དུ་བཞག་ནས། མངོན་སུམ་འཛེམ་མེད་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཚོམ་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་ཡོངས་ལ་ཉིང་རྡུལ་འབད་བཙོག་གི་ཉེན་ཁ་བཟོས་པས། དེ་ནི་རང་གི་ཁེ་ཕན་ཁོ་ན་བསམ་པའི་འགན་གཏན་ནས་མི་ཁུར་བའི་བྱ་སྤྱོད་ཅིག་རེད་ཟེར།
ཀུན་ཧྲོང་གིས་བཤད་རྒྱུར། རང་འདོད་ལྟར་རྒྱ་མཚོའི་ནང་དུ་ཉིང་རྡུལ་བཙོག་ཆུ་ཕུད་པའི་དོན་དག་སྔོན་ཆད་གཏན་ནས་བྱུང་མྱོང་མེད་ལ། དེར་ཀུན་གྱིས་ཁས་ལེན་པའི་ཐག་གཅོད་ཀྱི་ཚད་གཞི་ཞིག་ཀྱང་མེད། དུས་ཡུན་རིང་བོར་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོའི་ནང་དུ་ཕུད་ཚེ་རྒྱ་མཚོའི་ཁོར་ཡུག་དང་ཟས་རིགས་བདེ་འཇགས། མིའི་རིགས་ཀྱི་བདེ་ཐང་བཅས་ལ་ཤུགས་རྐྱེན་བཟོ་བར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། འཇར་པན་གྱི་བྱ་སྤྱོད་དེའི་ཚུལ་མཐུན་རང་བཞིན་དང་ཁྲིམས་མཐུན་རང་བཞིན། བདེ་འཇགས་རང་བཞིན་ལ་ཡང་ཡོངས་ཁྱབ་ཏུ་དོགས་འདྲི་བྱེད་བཞིན་ཡོད། ཀྲུང་གོ་སོགས་འབྲེལ་ཡོད་ཕྱོགས་ཀྱིས་ཐེངས་མང་བོར་གལ་ཏེ་ཉིང་རྡུལ་བཙོག་ཆུ་དེ་བདེ་འཇགས་ཡིན་ཚེ་རྒྱ་མཚོའི་ནང་དུ་འབུད་པའི་དགོས་པ་མེད་པ་དང་། གལ་ཏེ་བདེ་འཇགས་མིན་ཚེ་རྒྱ་མཚོའི་ནང་དུ་འབུད་མི་འོས་ཞེས་བཤད་མྱོང་ཟེར།