ཧན་གོའི་སྲིད་དབང་བཟུང་མེད་པའི་ཏང་ཁག་དང་གྲོང་ཁྱེར་སྡོད་དམངས་ཚོགས་པས་གཞི་རྒྱ་ཆེ་བའི་འདུ་ཚོགས་བསྡུས་ནས་ཧྥུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་བར་ངོ་རྒོལ་བྱས།
2023.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁག་ཐུན་མོང་དམངས་གཙོ་ཏང་དང་བཅས་པའི་སྲིད་དབང་བཟུང་མེད་པའི་ཏང་ཁག་མང་བོ་དང་གྲོང་ཁྱེར་སྡོད་དམངས་ཚོགས་ཁག་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་སུ་གཞི་རྒྱ་ཆེ་བའི་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་ཆོད་དོན་དེ་རྩིས་མེད་དུ་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། དབྱིན་ཞེ་ཡའོ་སྲིད་གཞུང་གིས་བྱེད་ཐབས་སྤྱད་ནས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།

ཧན་གོའི་མང་ཚོགས་སྟོང་ཕྲག་མང་བོ་འདུ་ཚོགས་ལ་ཞུགས་པ་དང་། ཁོ་ཚོས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་ཆོད་དོན་རྩིས་མེད་གཏོང་དགོས་ཞེས་པ་དང་། དབྱིན་ཞེ་ཡའོ་སྲིད་དབང་ལ་རྒོལ་གཏམ་གཏོང་ཞེས་པ་སོགས་ཀྱི་འཕྲེད་བྱང་མཐོན་པོར་བསྒྲེངས་ནས། འཇར་པན་གྱིས་རྒྱལ་ཁབ་རང་ནས་ཉིང་རྡུལ་བཙོག་ཆུ་དོ་དམ་བྱེད་དགོས་པ་དང་འཇར་པན་གྱི་མགྲིན་ཚབ་པ་བྱེད་པའི་དབྱིན་ཞེ་ཡའོ་སྲིད་གཞུང་ལ་རྒོལ་གཏམ་གཏོང་ཞེས་པ་སོགས་ཀྱི་ཁ་གཡང་མཐོན་པོར་བསྒྲགས།

ཐུན་མོང་དམངས་གཙོ་ཏང་གི་ཏང་གཙོ་ལིས་ཙེ་མེན་གྱིས་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། འཇར་པན་ཚད་ལས་བརྒལ་ཡོད་པ་དང་། ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་བ་ནི་མིའི་རིགས་ལ་དཀྲུག་འཕེན་བྱས་པར་མ་ཟད། ཞི་རྒྱ་མཚོའི་འགྲམ་བརྒྱུད་ཀྱི་རྒྱལ་ཁབ་དག་ལ་འགྲན་བསླངས་པ་རེད་ཟེར།

ལིས་ཙེ་མེན་གྱིས་འཇར་པན་སྲིད་གཞུང་གིས་མིའི་རིགས་ཡོངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་གནོད་པའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་མཚམས་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད། ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་བའི་ཐད་ནས་ཧན་གོར་དགོངས་དག་ཞུ་དགོས་ཟེར། ཁོས་ད་རུང་དབྱིན་ཞེ་ཡའོ་སྲིད་གཞུང་འཇར་པན་གྱི་མགྲིན་ཚབ་པ་ལྟ་བུ་བྱེད་མི་རུང་བ་དང་། རྒྱལ་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ལག་བསྟར་གང་ལེགས་བྱས་ཏེ། འཇར་པན་གྱི་གནས་ལུགས་ཅི་ཡང་མེད་པའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་བྱ་སྤྱོད་དེར་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

ཧན་གོའི་རྒྱལ་ཡོངས་ཉ་བདའི་ཚོགས་པའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཅིན་ཡུང་ཧྥུའུ་ཡིས་བསྟན་དོན། སྲིད་གཞུང་གིས་མྱུར་མོར་བྱེད་ཐབས་སྤྱད་དེ་ཕྱོགས་ཡོངས་ནས་འཇར་པན་གྱི་ཆུའི་ཐོན་དངོས་རྫས་ནང་འདྲེན་བྱེད་པར་གཏན་འགོག་བྱས་ཏེ། ཧན་གོའི་རྒྱལ་དམངས་ཀྱིས་སེམས་བདེ་མོས་ངང་ཧན་གོའི་ཆུའི་ཐོན་དངོས་རྫས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཟེར།

ཉིན་དེའི་དགོང་མོར་ཧན་གོའི་ཧྥོ་ཧྲན་མེ་འཁོར་འབབ་ཚིགས་ཀྱི་ཐང་ཆེན་དུ་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་བཀག་འགོག་བྱེད་པའི་ཧྥོ་ཧྲན་གྲོང་ཁྱེར་སྡོད་དམངས་ཀྱི་ཚོགས་ཆེན་བསྡུས། ཧྥོ་ཧྲན་གྲོང་ཁྱེར་གྱི་སྡོད་དམངས་བརྒྱ་ཕྲག་འགའ་འདུ་ཚོགས་ལ་ཞུགས་ཏེ། དབྱིན་ཞེ་ཡའོ་སྲིད་གཞུང་གིས་འཇར་པན་གྱིས་རྒྱ་མཚོའི་ནང་ཉིང་རྡུལ་བཙོག་ཆུ་གཏོང་བར་བཀག་འགོག་བྱེད་པའི་བྱེད་ཐབས་སྤྱོད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།