ཨུ་རུ་སི་ཡིས་མི་བསྡད་མེད་པའི་གནམ་གྲུས་ཨུ་རུ་སིའི་མངའ་ཁོངས་སུ་འཇབ་རྒོལ་བྱེད་པའི་གཡོ་ཇུས་ཐེངས་གཉིས་ལ་ཕམ་ཉེས་སུ་བཏང་བའི་ཚུལ་བསྟན།
2023.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་སྔ་གཞུག་ཏུ་མའོ་སི་ཁོ་མངའ་སྡེ་དང་པེ་ཨར་ཀི་ལོ་ཏི་མངའ་སྡེ་ནས་ཝུའུ་ཁི་ལན་གྱིས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཨུ་རུ་སིའི་མངའ་ཁོངས་སུ་འཇབ་རྒོལ་བྱེད་པའི་གཡོ་ཇུས་ཕམ་ཉེས་སུ་བཏང་། ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་དམག་ཕྱོགས་ཀྱིས་མཉམ་འབྲེལ་གྱིས་དམིགས་བསལ་འཐབ་འཛིང་འགུལ་སྐྱོད་སྤེལ་ནས། ཁི་ལི་མུས་ཡཱ་རུ་བཅའ་སྡོད་བྱེད་པའི་ཨུ་རུ་སིའི་དམག་དཔུང་ལ་འཇབ་རྒོལ་བྱས་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཉིན་དེའི་དུས་ཚོད་གསུམ་ཡས་མས་སུ། ཝུའུ་ཁི་ལན་གྱིས་མི་བསྡད་མེད་པའི་གནམ་གྲུ་ཞིག་བཀོལ་ནས་མའོ་སི་ཁོ་གྲོང་ཁྱེར་དང་མའོ་སི་ཁོ་མངའ་སྡེའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་རྩིས་བྱས་པ་དང་། མི་བསྡད་མེད་པའི་གནམ་གྲུ་དེ་མའོ་སི་ཁོ་མངའ་སྡེའི་བར་སྣང་ནས་ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་གཏོར་བཤིག་བཏང་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་དེའི་རྗེས་སུ་ཡང་བསྐྱར་གནས་ཚུལ་བསྒྲགས་ཏེ། ཉིན་དེའི་དུས་ཚོད་དགུ་ཡས་མས་སུ། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་ཝུའུ་ཁི་ལན་དང་འདབས་འབྲེལ་དུ་ཡདོ་པའི་པེ་ཨར་ཀི་ལོ་ཏི་མངའ་སྡེའི་བར་སྣང་ནས་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས་ཡོད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་མགྲིན་ཚབ་པ་ཡུག་སོ་ཧྥུའུ་ཡིས་ཁས་ལེན་བྱས་དོན། ཉིན་དེར་ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཁི་ལི་མུས་ཡཱའི་ཞིན་ཧྥེ་ལོ་པའོ་ཨར་ཤར་ལྷོའི་ཕྱོགས་ཀྱི་ཕའེ་ལེ་ཝ་ལེ་ནོའུ་ཡེ་སྡེ་བར་བཅའ་སྡོད་བྱེད་པའི་ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་ཁོངས་སུ་གཏོགས་པའི་མཚོ་འགྲམ་ཉེན་སྲུང་རུ་ཁག་ལ་འཇབ་རྒོལ་བྱས། ཟེར། བསྒྲགས་པ་ལྟར་ན། ཉིན་དེའི་འཇབ་རྒོལ་ནི་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་དང་དམག་ཕྱོགས་ཀྱིས་མཉམ་དུ་སྤེལ་བའི་དམིགས་བསལ་འཐབ་འཛིང་འགུལ་སྐྱོད་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་མི་བསྡད་མེད་པའི་གནམ་གྲུ་ཨུ་རུ་སིའི་དམག་དཔུང་གི་མཁའ་སྲུང་མ་ལག་ལ་གཡོལ་ནས་དམིགས་འབེན་ལ་ཕོག་ཡོད་ལ། ཨུ་རུ་སིའི་དམག་མི་བཅུ་ཕྲག་འགར་ཤི་རྨས་བཟོས་པར་མ་ཟད་ཨུ་རུ་སིའི་མདེལ་རྫས་མཛོད་ཁང་དང་སྒྲིག་ཆས་ལ་གཏོར་བཤིག་བཏང་ཡོད་ཟེར། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། མ་འོངས་པར་ཁི་ལི་མུས་ཡཱ་རུ་སྔར་ལས་མང་བའི་འཇབ་རྒོལ་དོན་རྐྱེན་སྤེལ་རྒྱུ་ཡིན་ཟེར།

ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱེ་ཏི་བེ་ཅེ་ཧྥུའུ་ཡིས་ཉེ་སྔོན་ཐཱ་སི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁ་ནི་ཝུའུ་ཁི་ལན་ཉམས་ཉེན་གྱི་ཁེ་ཕན་མྱོང་མཁན་གཙོ་བོ་ཡིན་པ་དང་། རྒྱུ་མཚན་ནི་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་བརྟེན་ནས་འབྲེལ་ཡོད་རྒྱལ་ཁབ་རང་ཉིད་ཀྱི་དཔལ་འབྱོར་དབང་ཤུགས་འོག་ཏུ་བསྡུས་ཡོད་པས་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་མེ་རི་ཁའི་དུས་རབས་ཉི་ཤུ་བ་དང་དུས་རབས་ཉེར་གཅིག་པའི་ལོ་རྒྱུས་ལ་བལྟས་ན། ཨ་མེ་རི་ཁ་རྒྱུན་ཆད་མེད་པར་འཁྲུག་རྩོད་སྣ་ཚོགས་ལ་ཞུགས་ནས་རང་ཉིད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་འཁྲུག་རྩོད་བེད་སྤྱད་ནས་དཔལ་འབྱོར་ཁེ་ཕན་ཐོབ་པར་བྱེད་པ་ཡིན་ཟེར། མཱེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དོན་བཟོ་ལས་ཀྱི་འདྲེས་སྦྱོར་ཚོགས་པར་མངག་ཉོ་མང་བོ་འབྱོར་ཡོད་ལ། ཨ་མེ་རི་ཁའི་ཁེ་ལས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཁྲོད་ནས་ཁེ་སྤོགས་མང་བོ་ལེན་བཞིན་ཡོད་པ་དང་། ཨ་མེ་རི་ཁས་མིག་སྔའི་འཁྲུག་རྩོད་ཀྱི་རྣམ་པ་རྒྱུན་སྲིང་བྱེད་པར་བསམ་བཞིན་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱི་མཚོ་ནག་གི་འབྲུ་རིགས་ཕྱིར་སྐྱེལ་གྲོས་མཐུན་སྟེང་གི་ལངས་ཕྱོགས་འགྱུར་མེད་པ་དང་། གལ་ཏེ་འབྲེལ་ཡོད་ཕྱོགས་ཀྱིས་དེའི་སྔོན་གྱི་ཨུ་རུ་སིའི་དམ་བཅའ་ལག་ལེན་དུ་བསྟར་ཐུབ་ན། ཨུ་རུ་སི་ཡིས་གྲོས་མཐུན་དེ་ཡང་བསྐྱར་ལག་བསྟར་བྱེད་རྒྱུ་ཡིན་ལ། ཨུ་རུ་སི་ཡིས་གྲོས་མཐུན་སླར་གསོ་བྱས་ནས་ལག་བསྟར་བྱེད་པའི་ཐད་ནས་གྲོས་མོལ་དང་ལེན་བྱེད་ངེས་ཡིན་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་ལྔ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཉིན་དེར་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཚོ་ནག་གི་འབྲུ་རིགས་སྐྱེལ་འདྲེན་ལ་བཀག་རྒྱ་ཐེབས་པའི་ཉེན་ཁ་སོགས་ཀྱི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས་ཟེར།

བསྒྲགས་པ་ལྟར་ན། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་ཉིན་དེར་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མཚོ་ནག་གི་འབྲུ་རིགས་ཕྱིར་སྐྱེལ་གྲོས་མཐུན་སླར་གསོ་ལག་བསྟར་བྱེད་པ་ནི་ཐུར་ཁེའི་བྱ་བ་གཙོ་བོ་ཞིག་ཡིན་པ་དང་། ཐུར་ཁེ་ཕྱོགས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ནས་གྲོས་མཐུན་དེ་སླར་གསོ་ལག་བསྟར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ནང་འདྲེན་གཏན་འགོག་བཀའ་རྒྱའི་ལག་བསྟར་ཡུན་ཚད་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ལོངས་རྗེས། ཕོ་ལན་སོགས་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་པའི་ཉོ་ཚོང་ཚད་བཀག་བྱེད་ཐབས་དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་གནད་དོན་དེའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།