ཐུར་ཁེ་ཡིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མཐོ་རིམ་ཁོངས་མི་གཅིག་བསད།
2023.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཏུའུ་ཧུའུ་ཁི་ཞིང་ཆེན་གྱི་འགུལ་སྐྱོད་ཅིག་གི་ཁྲོད། ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མཐོ་རིམ་ཁོངས་མི་གཅིག་བསད་ཟེར།

མིང་བཤད་མི་འདོད་པའི་ཐུར་ཁེའི་གསང་འཕྲིན་ཅུའུ་ཡི་དཔོན་རིགས་ཤིག་གིས་བཤད་རྒྱུར། མི་དེའི་མིང་ལ་ཁཱ་ཏི་ལི་ཨིན་ཅུའུ་ཟེར་ཞིང་། མིང་གཞན་ལ་ཏའོ་ཨན་ཟེར། དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་བར་དུ་ཕོ་ཉ་དང་འབྲེལ་གཏུག་དཔོན་པོའི་འགན་ཁུར་ཡོད་པར་མ་ཟད། དབྱི་རག་དང་སི་རི་ཡཱ་ས་ཁུལ་གཉིས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པར་མཚོན་ཆ་བགོ་བཤའ་དང་སྐྱེལ་འདྲེན་བྱེད་པའི་འགན་ཁུར་ཡོད་ཟེར།

ཁུའུ་ཨར་ཏི་བཟོ་བའི་ཏང་ནི་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་ཀྱི་ཁུའུ་ཨར་ཏི་བའི་འདུས་སྡོད་ས་ཁུལ་དེ་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། ཐུར་ཁེ་ཕྱོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།