ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ལཱ་ཧི་ཅི་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་ཟེར།
ལཱ་ཧི་ཅི་ཞིང་ཆེན་སྲིད་གཞུང་གི་དམག་དོན་མགྲིན་ཚབ་པ་ནཱ་ཅི་པུའུ་ཡིས་ས་དེའི་སྨྱན་བྱད་ལ་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣས་ཉིན་དེར་ཞིང་ཆེན་དེའི་སྲིད་གཞུང་དམག་དཔུང་གི་དམིགས་འབེན་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས་ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་། འཁྲུག་རྩོད་དེ་ལས་ཧུའུ་སེ་དྲག་ཆས་མི་སྣ་བཅོ་ལྔ་དང་སྲིད་གཞུང་གི་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།
ནཱ་ཅི་པུའུ་ཡིས་བཤད་རྒྱུར། དེ་ནི་ཧུའུ་སེ་དྲག་ཆས་པས་ཉེ་བའི་ཟླ་ངོ་འགའི་རིང་ལ་སྲིད་གཞུང་དམག་དཔུང་ལ་སྤེལ་བའི་ཆེས་ཆེ་བའི་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་ལ། སྲིད་གཞུང་དམག་དཔུང་གིས་བདེ་བླག་ངང་ཧུའུ་སེ་དྲག་ཆས་པ་མཐར་སྐྲོད་བཏང་བར་མ་ཟད་ཧུའུ་སེ་དྲག་ཆས་པར་ཤི་རྨས་ཚབས་ཆེན་བཟོས་ཡོད་ཟེར།
ཧུའུ་སེ་དྲག་ཆས་པས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།