ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན། ཙེམ་པབ་ཝེའི་ཧཱ་ལཱ་ལོས་ནས། མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟུད་འགན་ཁུར་བའི་གོ་སྐབས་ཐོབ་པ་ཁྱབ་བསྒྲགས་བྱས་རྗེས་སྨྱན་བྱད་ལས་རིགས་ལ་གཏམ་བཤད་སྤེལ།
ཙེམ་པབ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ད་ལྟའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་དྲུག་གི་འདེམ་ཤོག་ཐོབ་ནས་ཡང་བསྐྱར་ཙུང་ཐུང་དུ་བདམས་ཐོན་བྱུང་ཡོད་ཟེར།
ཙེམ་པབ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཆི་ཀུང་པཱ་ཡིས་བཤད་རྒྱུར། མུའུ་ནན་ཅཱ་ཀུའུ་ཝ་ལ་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་འདེམ་ཤོག་ས་ཡ་གཉིས་དང་འབུམ་གསུམ་ཁྲི་ལྔ་ལྷག་ཐོབ་པ་དང་། ནུས་ལྡན་འདེམ་ཤོག་གི་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་དྲུག་ཟིན་ཡོད་ལ། ངོ་རྒོལ་ཏང་སྤྱི་དམངས་བཅོས་བསྒྱུར་མནའ་འབྲེལ་གྱི་མགོ་ཁྲིད་པ་ཁྲ་མུས་སཱ་ལ་འདེམ་ཤོག་ས་ཡ་གཅིག་དང་འབུམ་དགུ་ཁྲི་དྲུག་སྟོང་བདུན་ལྷག་ཐོབ་ཡོད་པ་དང་། ནུས་ལྡན་འདེམ་ཤོག་གི་བརྒྱ་ཆའི་ཞེ་བཞི་ཟིན་ཡོད། མུའུ་ནན་ཅཱ་ཀུའུ་ཝ་ལ་ནུས་ལྡན་འདེམ་ཤོག་གི་ཕྱེད་གྲངས་ཡན་ཐོབ་ནས། ཙེམ་པབ་ཝེའི་ཙུང་ཐུང་དུ་དངོས་སུ་བདམས་ཐོན་བྱུང་ཡོད་ཟེར།
ཙེམ་པབ་ཝེའི་བཅའ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་བརྒྱ་ཆའི་ལྔ་བཅུ་བརྒལ་བའི་འདེམ་སྒུག་པ་དེ་ཐད་ཀར་བདམས་ཐོན་བྱས་ཆོག་པ་དང་། གལ་ཏེ་མི་གང་རུང་ལ་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་མེད་ན། འདེམ་ཤོག་ཐོབ་པ་ཆེས་མང་བའི་འདེམ་སྒུག་པ་གཉིས་ལ་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།