ཐཱ་ཅི་ཁི་སི་ཐན་དུ་དྲག་ཆར་བབས་ཏེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།
2023.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཐཱ་ཅི་ཁི་སི་ཐན་གྱི་ས་ཁུལ་མང་བོར་ཚེས་ཉེར་བདུན་ཉིན་དྲག་ཆར་བབས་པའི་ནམ་ཟླ་བྱུང་སྟེ། འདམ་གསེག་དང་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། མིག་སྔར་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཐཱ་ཅི་ཁི་སི་ཐན་གྱི་ཧའོ་ཝ་ཨར་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། དྲག་ཆར་བབས་པ་ལས་བྱུང་བའི་རང་བྱུང་གནོད་འཚེ་དེ་གཙོ་བོ་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་དང་བར་ཐག་མི་རིང་བའི་ཝ་ཧི་ཏཱ་ཐི་ས་ཁུལ་དང་ལུའུ་ཏཱ་ཅི་ས་ཁུལ་ནས་བྱུང་བ་རེད། མིག་སྔའི་བར་དུ་ཝ་ཧི་ཏཱ་ཐི་ས་ཁུལ་དུ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ལུའུ་ཏཱ་ཅི་ས་ཁུལ་ནས་མི་གཉིས་རྐྱེན་ལམ་དུ་ཤོར། རླངས་འཁོར་བཅོ་ལྔ་འདམ་གསེག་གིས་མནན་པ་དང་། སྡོད་དམངས་ཁྱིམ་ཚང་བརྒྱ་ལྷག་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱས་ཡོད།

དྲག་ཆར་བབས་པ་ལས་བྱུང་བའི་གནོད་འཚེ་ལས་ད་རུང་ཏུའུ་ཧྲང་པེ་གྲོང་ཁྱེར་གྱི་མཁར་ཁུལ་སྐོར་ཞིག་ཏུ་ཆུ་དང་གློག་ཆད་ཡོད། འདམ་གསེག་དང་རི་ཉིལ་བ་ལས་ཏུའུ་ཧྲང་པེ་དང་གྲོང་ཁྱེར་ཆེན་མོ་གཉིས་པ་ཁུའུ་ཀྲན་བར་གྱི་གཞུང་ལམ་ལ་གཏོར་བརླག་ཐེབས་ཏེ། གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་བཀག་སྡོམ་མི་བྱེད་ཐབས་མེད་བྱུང་།

ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་ཚེས་ཉེར་བརྒྱད་ཉིན་བྲེལ་མྱུར་གནས་ཚུལ་དང་དམངས་སྲུང་ཨུ་ཡོན་ལྷན་ཁང་ལ་མཛུབ་སྟོན་གནང་ནས། མྱུར་མོར་བྱེད་ཐབས་སྤྱད་དེ་གནོད་འཚེ་ལས་བཟོས་པའི་གྱོང་གུད་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། ཁོས་ད་རུང་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།