སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་སྔ་དྲོར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་བར་སྣང་འཇབ་རྒོལ་བྱས་ཏེ། གནམ་གྲུ་ཐང་གི་རྒྱུག་ལམ་ལ་གཏོར་བརླག་ཐེབས་པས་གནས་སྐབས་སུ་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་ཡས་མས་སུ། དབྱི་སི་རལ་གྱིས་ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་བར་སྣང་འཇབ་རྒོལ་བྱས་ཏེ། གནམ་གྲུ་ཐང་གི་རྒྱུག་ལམ་ལ་གཏོར་བརླག་ཐེབས་པས་གནས་སྐབས་སུ་གནམ་གྲུ་གཏོང་མཚམས་བཞག་ཡོད་ཟེར་ཡང་། གསལ་སྒྲོག་ལས་བར་སྣང་འཇབ་རྒོལ་བྱེད་ཐབས་བྱེ་བྲག་ཏུ་གསལ་བོར་བཤད་མེད།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཉིན་དེར་བསྒྲགས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་ནམ་རྒྱུན་འཇབ་རྒོལ་དེ་དག་ཁས་ལེན་བྱེད་མི་སྲིད་ཟེར།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་རེད། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གིས་སི་རི་ཡཱ་རུ་དབྱི་ལིང་གི་བཅའ་སྡོད་དམག་དཔུང་ཡོད་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།