ཨེ་ཅིབ་ཀྱི་ཆུའི་ཐོན་ཁུངས་དང་ཆུ་གཏོང་ལས་དོན་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་ཨེ་ཙེ་ཨོ་ཕི་ཡཱ། སུའུ་ཏན་བཅས་རྒྱལ་ཁབ་གསུམ་གྱིས་ཨེ་ཙེ་ཨོ་ཕི་ཡཱའི་བསྐྱར་དར་ཆུ་རགས་ཆེན་མོའི་གནད་དོན་ལ་དམིགས་ནས་ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་མགོ་བརྩམས་ཡོད་ཟེར།
ཨེ་ཅིབ་ཀྱི་ཆུའི་ཐོན་ཁུངས་དང་ཆུ་གཏོང་ལས་དོན་པུའུ་ཡི་པུའུ་ཀྲང་སུའུ་ཝེ་ལཱ་མུའུ་ཡིས་གསལ་སྒྲོག་ནང་ནན་གྱིས་བསྟན་དོན། རྒྱལ་ཁབ་གསུམ་གྱིས་བསྐྱར་དར་ཆུ་རགས་ཆེན་མོའི་ཆུ་གསོག་དང་སྐྱེལ་འདྲེན་ཚོང་གཉེར་གྱི་སྒྲིག་སྲོལ་ཐད་ནས་འགོག་ནུས་ལྡན་པའི་བཅའ་ཁྲིམས་གྲོས་མཐུན་འགོད་པ་དང་། ཞོར་དུ་རྒྱལ་ཁབ་གསུམ་གྱི་ཁེ་ཕན་དང་སེམས་ཁུར་ལ་བསམ་བློ་གཏོང་བའི་དགོས་པ་ཡོད་ཟེར། ཁོས་ཆུ་རགས་ཆེན་མོའི་ཆུ་གསོག་དང་སྐྱེལ་འདྲེན་ཚོང་གཉེར་གནད་དོན་ཐད་ནས་ཕྱོགས་གཅིག་གི་འགུལ་སྐྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་དང་། ཕྱོགས་གསུམ་གྱི་གྲོས་མཐུན་མ་བཀོད་པའི་གནས་ཚུལ་འོག་ཆུ་རགས་ཆེན་མོའི་ཆུ་གསོག་དང་སྐྱེལ་འདྲེན་ཚོང་གཉེར་བྱས་ན་རྒྱལ་ཁབ་གསུམ་གྱིས་ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་རྩ་བའི་བསྒྲགས་གཏམ་དང་འགལ་ཡོད་པ་ནན་བཤད་བྱས།
བསྐྱར་དར་ཆུ་རགས་ཆེན་མོ་ནི་ནེ་ལོ་གཙང་བོའི་མགོ་ཁུངས་ཀྱི་ཆུ་རྒྱུན་གཉིས་ཀྱི་ཡ་གྱལ་ཆིན་ནེ་ལོ་ཆུ་བོའི་སྟེང་ཡོད་ཅིང་། ཨེ་ཙེ་ཨོ་ཕི་ཡཱ་དང་སུའུ་ཏན་གྱི་མཐའ་མཚམས་དང་ཉེ་བ་ཡིན། ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གིས་ཉིས་སྟོང་བཅུ་གཅིག་ལོར་བསྐྱར་དར་ཆུ་རགས་ཆེན་མོའི་རྨང་བཏིང་བ་དང་། ཉིས་སྟོང་ཉི་ཤུ་ལོ་དང་ཉིས་སྟོང་ཉེར་གཅིག་ལོ། ཉིས་སྟོང་ཉེར་གཉིས་ལོ་བཅས་ལ་དུས་རིམ་གསུམ་གྱི་ཆུ་རགས་ཆེན་མོའི་ཆུ་གསོག་ཡོངས་འགྲུབ་བྱས།
སྨད་བརྒྱུད་དུ་གནས་པའི་ཨེ་ཅིབ་དང་སུའུ་ཏན་གྱིས་ཨེ་ཙེ་ཨོ་ཕི་ཡཱ་ཡིས་སྟོད་བརྒྱུད་ནས་ཆུ་རགས་ཆེན་མོ་ལས་པ་དེས་རྒྱལ་ཁབ་རང་གི་ཆུ་བཀོལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པར་སེམས་ཁུར་བྱས་ཏེ། དུས་རྒྱུན་བསྐྱར་དར་ཆུ་རགས་ཆེན་མོའི་འཛུགས་སྐྲུན་ལ་དོ་སྣང་བྱེད་བཞིན་ཡོད། རྒྱལ་ཁབ་གསུམ་གྱིས་དོན་དེར་ལོ་བཅུ་ཕྲག་ལྷག་ལ་གྲོས་མོལ་བྱས་པ་རེད། རྒྱལ་ཁབ་གསུམ་གྱིས་ཉིས་སྟོང་བཅོ་ལྔ་ལོར་རྩ་དོན་བསྒྲགས་གཏམ་བཀོད་དེ། རྒྱལ་ཁབ་གཞན་པའི་ཆུའི་ཐོན་ཁུངས་ཐད་ཀྱི་ཁེ་ཕན་ལ་བརྩི་འཇོག་བྱེད་པ་དང་། ཁྱད་པར་དུ་རྒྱལ་ཁབ་གང་རུང་ལ་ཡོད་པའི་ནེ་ལོ་གཙང་བོའི་ཆུ་སྐལ་དེར་ཤུགས་རྐྱེན་ཐེབས་མི་རུང་བར་ཁག་ཐེག་བྱས། རྒྱལ་ཁབ་གསུམ་གྱིས་དེའི་རྨང་གཞིའི་སྟེང་མུ་མཐུད་དུ་བྱེ་བྲག་གི་ནང་དོན་གཞན་པར་གྲོས་མོལ་བྱས་ནས་ཆུ་རགས་ཆེན་མོའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་འགོད་པར་ཡིད་འཐད་བྱུང་། ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཉིས་སྟོང་ཉི་ཤུ་ལོར་གཞན་པའི་ངོ་རྒོལ་ལ་འཛེམ་དོགས་མ་བྱས་པར་ཆུ་རགས་ཆེན་མོར་ཆུ་གསོག་པའི་དབང་གིས་གྲོས་མོལ་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བར་མཚམས་ཆད་པ་རེད།
ད་ལོའི་ཟླ་དྲུག་པར། ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཏི་མཱེ་ཁི་ཡིས་བསྐྱར་དར་ཆུ་རགས་ཆེན་མོར་ཐེངས་བཞི་བར་ཆུ་གསོག་པའི་བྱ་བ་མགོ་རྩོམ་རྒྱུ་ཁྱབ་བསྒྲགས་བྱས། ཟླ་བདུན་པའི་ཟླ་མགོར། ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ཨེ་ཧཱ་མེད་ཏི་ཡིས་ཁྱབ་བསྒྲགས་བྱས་དོན། སྨད་བརྒྱུད་ཀྱི་ཆུ་བཀོལ་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ཐེངས་བཞི་བའི་ཆུ་གསོག་བྱ་བ་དེ་ཟླ་བརྒྱད་པའི་ཟླ་མཇུག་ནས་ཟླ་དགུ་བའི་ཟླ་མགོའི་བར་རྗེས་སུ་སྣུར་བ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།