མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱ་གསར་བའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་དཔོན་ཞུའུ་ཆིན་ཆི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་མཐོང་འདོད་པ་དང་། མ་འོངས་པར་སྔར་ལས་མང་བའི་རྒྱལ་ཁབ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་སྲིད་པར་ཡིད་ཆེས་ཡོད་ཟེར།
ཞུའུ་ཆིན་ཆི་ཡིས་བཤད་རྒྱུར། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་གྱིས་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་ཚབ་བྱེད་པ་མ་ཡིན་ལ། ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་སྒྲིག་ལམ་ཁྲོད་ལུགས་མཐུན་མིན་པ་དང་འདྲ་མཉམ་མིན་པའི་གནས་ལ་བཅོས་བསྒྱུར་བྱེད་འདོད་པ་ཡིན་པས། དེ་ནི་མྱུར་མོར་འགྲུབ་སླ་བའི་དོན་ཞིག་མིན་པ་དང་། ད་རུང་དུས་ཚོད་མང་བོ་མཁོ་ཟེར།
ཁོས་བསྟན་དོན། ད་ལྟ་རྒྱལ་ཁབ་མང་བོས་ཨ་མེ་རི་ཁས་རང་གི་ས་ཁུལ་ཆབ་སྲིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད། འཛམ་གླིང་ཡོངས་ཀྱི་མངའ་ཁོངས་སུ་རྒྱལ་ཁབ་གཞན་པར་ཐེ་གཏོགས་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་བཞིན་པ་ཤེས་ཡོད་ལ། ཨ་མེ་རི་ཁའི་རྒྱལ་སྤྱིའི་ཡིད་ཆེས་ཉམས་ཡོད་ཟེར།
ཞུའུ་ཆིན་ཆི་ཡིས་བཤད་རྒྱུར། ཀྲུང་གོས་རང་ཉིད་ལ་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་གྲོས་འགོ་བཏོན་ནས། སྒོ་འབྱེད་དཀྱེལ་ཡངས་དང་ཕན་ཚུན་སློབ་སྦྱོང་དཔེར་འཛིན་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་བཅས་ནན་བཤད་བྱས་ཡོད་ལ། དེ་དག་ཚང་མ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་འཚམ་ཟེར།
ཁོས་བཤད་རྒྱུར། ཚན་རྩལ་གསར་གཏོད་ལ་རྒྱལ་ཁབ་ཀྱི་དབྱེ་བ་མེད་ཅིང་། དེའི་མཇུག་མཐའི་དམིགས་ཡུལ་ནི་མིའི་རིགས་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། རྒྱལ་ཁབ་རེ་འགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པར་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ཚན་རྩལ་འཕེལ་རྒྱས་ཀྱི་མགོ་གནོན་དང་དེར་བཀག་འགོག་བྱེད་བཞིན་ཡོད། ཁ་བྲལ་དུ་གྱུར་བའི་ཚན་རྩལ་འཛམ་གླིང་དེ་གོ་ལ་ཧྲིལ་བོའི་ཁེ་ཕན་ལ་ཕན་ཐོགས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།