ཨུ་རུ་སི་དང་རྒྱ་གར་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་གྲོས་བསྡུར་བྱས།
2023.08.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉེ་སྔོན་རྒྱ་གར་གྱི་ཟླ་བའི་གོ་ལའི་ཚད་འཇལ་ཆས་ཟླ་བའི་འཕུར་གྲུ་ཨང་གསུམ་པས་ཁྱེར་བའི་ཟླ་བའི་གོ་ལའི་ཚད་འཇལ་ཆས་དེ་བདེ་བླག་ངང་ཟླ་བའི་གོ་ལའི་ལྷོ་སྣེ་རུ་བབས་པའི་ཐད་ནས་མའོ་ཏིས་ལ་རྟེན་འབྲེལ་ཞུས་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཁའ་བསྐྱོད་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན། དེ་ལས་གཞན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་བྱས་པ་དང་། མུ་མཐུད་དུ་ནུས་ཁུངས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་དངོས་འབེབས་བྱས་ཤིང་། མཉམ་དུ་རྒྱལ་སྤྱིའི་དངོས་སྐྱེལ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཉེ་སྔོན་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་བསྡུས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བའི་གྲུབ་འབྲས་ལ་གྲོས་བསྡུར་བྱས་པ་དང་། གྲོས་མོལ་བྱེད་སྐབས་བཀོད་པའི་ཐུན་མོང་ལྟ་ཚུལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས། གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཇེ་མང་དུ་སོང་ན་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་མཐོར་འདེགས་བྱེད་པར་ཕན་ཐོགས་ཡོད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་མི་འགྱངས་པར་རྒྱ་གར་གྱི་དྷི་ལེ་གསར་བ་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཕུའུ་ཅིན་ཟླ་དགུ་བར་རྒྱ་གར་དུ་སོང་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།