ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2023.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཉེ་སྔོན་ཡོ་ནན་གྱི་ལིང་ཧྲན་ཞིང་ཆེན་གྱི་ཡོ་ནན་དང་ཀྲུང་གོའི་མཐའ་མཚམས་ཀྱི་མཛའ་མཐུན་འགག་སྒོར་རྟོག་ཞིབ་བྱས་པ་དང་། ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཆེན་མོ་ཞོང་པའོ་གདན་ཞུས་ལྟར་རྟོག་ཞིབ་ཁྲོད་ཞུགས།

ཚེས་ཉེར་ལྔ་ཉིན་གྱི་རྟོག་ཞིབ་ཁྲོད་དུ་རོན་ཧྥུའུ་ཀྲུང་གིས་འགག་སྒོའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་རྗེས་བསྟན་དོན། འཛམ་གླིང་སྟེང་དུ་ཡོ་ནན་དང་ཀྲུང་གོའི་མཐའ་མཚམས་འགག་སྒོ་ལ་མཛའ་མཐུན་ཞེས་པའི་མིང་བཏགས་ཡོད་པ་དང་། དེ་ལས་ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བློ་མཐུན་ནམ་སྤུན་ཟླའི་དམིགས་བསལ་སྲོལ་རྒྱུན་མཛའ་བརྩེ་མཚོན་ཡོད། ལིང་ཧྲན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཐའ་མཚམས་འགག་སྒོའི་འགན་ནུས་སྡེ་ཁག་གིས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ས་ཁུལ་གྱི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་མཉམ་ལས། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་བཞག་སྟེ། མུ་མཐུད་དུ་ཀྲུང་གོའི་བར་གཞོགས་འདེགས་དམ་ཟབ་བྱས་ནས། མཉམ་དུ་ཞི་བདེ་དང་མཛའ་མཐུན། གཏན་འཇགས། མཉམ་ལས། འཕེལ་རྒྱས་བཅས་ཀྱི་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

རོན་ཧྥུའུ་ཀྲུང་གིས་བཤད་རྒྱུར། ཡོ་ནན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཁོས་ན་ནིང་ཀྲུང་གོར་འཚམས་འདྲི་བྱས་པར་ཀྲུང་གོའི་ཏང་དང་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་མཛའ་མཐུན་སྣེ་ལེན་ཐོབ་པ་དང་། བག་ཆགས་ཟབ་མོ་བཞག་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅན་ཕིང་གིས་ཡང་བསྐྱར་ཡོ་ནན་དུ་འཚམས་འདྲི་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཞོན་པའོ་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་སྲོལ་རྒྱུན་མཛའ་བརྩེ་ནི་མའོ་ཙེ་ཏུང་དང་ཧུའུ་ཀྲི་མེན་སོགས་རྒན་རབས་མགོ་ཁྲིད་པས་ང་ཚོར་བཞག་པའི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་། ཏང་ཁག་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་ཁྲིད་སྟོན་འོག ང་ཚོས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བས་དཀའ་ཁག་ཁྱད་དུ་བསལ་ནས་སྔར་ལས་ལྷག་པའི་མཐོ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ཞི་བདེ་དང་གོང་སྤེལ་ལས་དོན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཟེར།

མཐའ་མཚམས་འགག་སྒོའི་བྱ་བར་རྟོག་ཞིབ་བྱས་རྗེས། རོན་ཧྥུའུ་ཀྲུང་གོས་ཞོན་པའོ་གདན་དྲངས་ནས་ཡོ་ནན་ཏང་སྲིད་དམག་གསུམ་གྱི་འབྲེལ་ཡོད་འགན་ཁུར་བ་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་སྡོང་བོ་བཙུགས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།