ཨེ་ཅིབ་དང་ཨེ་ཙེ་ཨོ་ཕི་ཡཱ། སུའུ་ཏན་བཅས་ཀྱིས་བསྐྱར་དར་ཆུ་རགས་ཆེན་མོའི་གནད་དོན་གྱི་གྲོས་མོལ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་མེད།
2023.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨེ་ཅིབ་ཀྱི་ཆུའི་ཐོན་ཁུངས་དང་ཆུ་གཏོང་ལས་དོན་པའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་ཨེ་ཙེ་ཨོ་ཕི་ཡཱ། སུའུ་ཏན་བཅས་རྒྱལ་ཁབ་གསུམ་གྱིས་བསྐྱར་དར་ཆུ་རགས་ཆེན་མོའི་གནད་དོན་ལ་དམིགས་པའི་གྲོས་མོལ་ཉིན་དེར་ཁེ་རོ་ནས་མཇུག་སྒྲིལ་བ་དང་། གྲོས་མོལ་ནས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་མེད་ཟེར།

ཚེས་ཉེར་བདུན་ཉིན་རྒྱལ་ཁབ་གསུམ་གྱི་བསྐྱར་དར་ཆུ་རགས་ཆེན་མོའི་གནད་དོན་ལ་དམིགས་པའི་སྐོར་ཐེངས་གསར་བའི་གྲོས་མོལ་ཁེ་རོ་ནས་སྤེལ་བ་རེད། ཨེ་ཅིབ་ཀྱི་ཆུའི་ཐོན་ཁུངས་དང་ཆུ་གཏོང་ལས་དོན་པའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ལོ་མང་བོར་གྲུབ་འབྲས་མེད་པའི་གྲོས་མོལ་བྱས་རྗེས། སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་བའི་དམིགས་ཡུལ་ནི་བསྐྱར་དར་ཆུ་རགས་ཆེན་མོའི་ཆུ་གསོག་དང་སྐྱེལ་འདྲེན་ཚོང་གཉེར་སྒྲིག་སྲོལ་ཐད་ནས་གྲོས་མཐུན་འགོད་ཆེད་ཡིན། ཡིན་ཡང་ཨེ་ཙེ་ཨོ་ཕི་ཡཱའི་ལངས་ཕྱོགས་ལ་ཐེངས་འདིའི་ཕྱོགས་གསུམ་གྱི་གྲོས་མོལ་ཁྲོད་དོན་དངོས་ཀྱི་འགྱུར་ལྡོག་ཅི་ཡང་མེད། དེའི་རྗེས་ཀྱི་གྲོས་མོལ་ཁྲོད་ཕྱོགས་སོ་སོས་ཕྱོགས་ཡོངས་ཀྱི་ལངས་ཕྱོགས་བསྟན་ནས་གྲུབ་འབྲས་བཟང་བོ་ཐོབ་པར་བྱེད་དགོས་ཟེར།

ཨེ་ཙེ་ཨོ་ཕི་ཡཱའི་སྔོན་ཆད་ཀྱི་ཆུ་བེད་དང་ནུས་ཁུངས་པུའུ་ཀྲང་པེ་ཁི་ལའེ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་མོལ་ལ་ཞུགས། ཁོས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་ཡིས་ནེ་ལོ་གཙང་བོའི་ཆུའི་ཐོན་ཁུངས་བེད་སྤྱོད་བྱས་ནས་མི་དམངས་ཀྱི་དགོས་མཁོ་བསྐང་བའི་དབང་ཆ་ཡོད་པར་མ་ཟད། འདྲ་མཉམ་ལུགས་མཐུན་གྱི་སྒོ་ནས་ནེ་ལོ་གཙང་བོའི་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པར་ཁས་ལེན་བྱས་ཡོད། བསྐྱར་དར་ཆུ་རགས་ཆེན་མོས་ཀྱང་ཨེ་ཅིབ་དང་སུའུ་ཏན་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན་སྲིད་ལ། ཨེ་ཙེ་ཨོ་ཕི་ཡཱ་ཡིས་གྲོས་མོལ་ལ་བརྟེན་ནས་མཛའ་མཐུན་གྱི་ཐག་གཅོད་ཇུས་གཞི་འགོད་པར་རེ་བ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།