ཨེ་ཅིབ་ཀྱི་ཙུང་ཐུང་དང་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་སུའུ་ཏན་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2023.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་ཉེར་དགུ་ཉིན་ཨེ་ཅིབ་བྱང་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་ཀྱི་གྲོང་ཁྱེར་ཨ་ལཱ་མན་གསར་བ་ནས་འཚམས་འདྲིར་ཡོང་བའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་སུའུ་ཏན་གྱི་གནས་བབ་གསར་བ་དང་། ཨེ་ཅིབ་དང་སུའུ་ཏན་གྱི་འབྲེལ་བའི་འཕེལ་རྒྱས། དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གཞན་པར་གྲོས་བསྡུར་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། གྲོས་མོལ་བྱེད་སྐབས་སུའུ་ཏན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་དང་སུའུ་ཏན་གྱི་གཅིག་གྱུར་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སུའུ་ཏན་མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱེད་ཐབས་བཅས་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་སུའུ་ཏན་མི་དམངས་ལ་ཇི་ལྟར་རོགས་སྐྱོར་དང་རྒུད་སྐྱོབ་བྱེད་པའི་ཐད་ལའང་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་ཡིས་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། མིག་སྔའི་གནད་འགག་གི་དུས་སྐབས་སུ། ཨེ་ཅིབ་ཀྱིས་སུའུ་ཏན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། སུའུ་ཏན་གྱི་བདེ་འཇགས་དང་གཏན་འཇགས། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། པུའུ་ཨར་ཧན་གྱིས་བསྟན་དོན། སུའུ་ཏན་གྱིས་ཨེ་ཅིབ་ཕྱོགས་ཀྱིས་སུའུ་ཏན་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཁྱད་པར་དུ་སུའུ་ཏན་གྱི་སྤྱི་དམངས་དང་ལེན་བྱེད་པའི་ཐད་ནས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།

གྲོས་མོལ་མཇུག་སྒྲིལ་རྗེས་པུའུ་ཨར་ཧན་གྱིས་ཨེ་ཅིབ་ཀྱི་ནེ་ལོ་གཙང་བོའི་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་ཏེ། སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་མུ་མཐུད་དུ་རྒྱལ་ཁབ་ལ་དབང་བསྒྱུར་བྱེད་པར་བརྩོན་ལེན་བྱེད་བཞིན་མེད་པར་དམངས་གཙོའི་བར་བརྒལ་དང་རང་དབང་གི་འདེམ་བསྐོ་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད་ཟེར།

སུའུ་ཏན་འཕྲོད་བསྟེན་པུའུ་ཡི་སྤྱི་སྒྲོག་ལྟར་ན། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ། སུའུ་ཏན་ནས་ཟླ་ངོ་འགའི་རིང་ལ་འཁྲུག་རྩོད་བྱུང་སྟེ་མི་སྟོང་གསུམ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ལྷག་ལ་རྨས་ཕོག་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པའི་གནས་ཚུལ་གསར་བ་ལྟར་ན། མིག་སྔར་སུའུ་ཏན་གྱི་མི་ས་ཡ་བཞི་ཙམ་རང་ཁྱིམ་དང་ཁ་བྲལ་ཡོད་པ་དང་། དེའི་ནང་མི་ས་ཡ་གསུམ་ལྷག་རྒྱལ་ནང་དུ་འཁྱམས་བཞིན་ཡོད་ལ། མི་འབུམ་དགུ་ཙམ་ཀྲི་ཏི་དང་ཨེ་ཅིབ། སུའུ་ཏན་ལྷོ་མ་སོགས་རྒྱལ་ཁབ་ཏུ་འཁྱམས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།