སྐབས་གསུམ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་གླེང་སྟེགས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་པེ་ཅིང་ནས་སྤེལ། གླེང་སྟེགས་ཀྱི་བརྗོད་སྙིང་ནི་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན་ལག་བསྟར་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་ཅེས་པ་དེ་ཡིན་ལ། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲུང་པུའུ་ཀྲང་ལིས་ཧྲང་ཧྥུའུ་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།
ལིས་ཧྲང་ཧྥུའུ་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་སུ་བསླེབས་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་དེ་སྔར་མེད་ཀྱི་འགྲན་རྩོད་ལ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་བྱས་ཤིང་། ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཁྲོད་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་པ་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཧྲིལ་བོར་སྔར་ལས་ངེས་གཏན་རང་བཞིན་དང་གཏན་འཇགས་རང་བཞིན་ལྡན་པའི་དྲང་ཕྱོགས་ནུས་ཚད་ཁ་སྣོན་བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། འཐབ་ཇུས་འབྲེལ་འདྲིས་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་མཉམ་ལས་ཀྱི་ཕན་ནུས་མཐོར་འདེགས་བྱས་ནས། ས་ཁུལ་གྱི་སྲུང་སྐྱོབ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཐུས་མི་དག་གིས་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས། ཨ་ཧྥེ་རི་ཁ་གླིང་གི་མཚོ་ཐོག་བདེ་འཇགས། ཨ་ཧྥེ་རི་ཁ་གླིང་གི་འཇིགས་སྐུལ་ངོ་རྒོལ་གནས་བབ། ཨ་ཧྥེ་རི་ཁ་གླིང་གི་གླིང་སྣེའི་གནས་བབ་སོགས་གྲོས་གཞིའི་ཐད་ནས་གཏམ་བཤད་སྤེལ། འཐུས་མི་ཚོས་ཀྲུང་གོས་ནམ་རྒྱུན་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས་འཛུགས་སྐྲུན་ཐད་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་རྒྱལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མི་དམངས་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་གསར་བསྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཉིན་དེར་ལིས་ཧྲང་ཧྥུའུ་ཡིས་སོ་སོར་གླེང་སྟེགས་ལ་ཞུགས་པའི་སེ་ནེ་ཀལ་དང་མའོ་ལོ་ལོ། ཁོང་གོ་པུའུ། ཁཱ་མེ་ལུང་། ཀཱ་ནཱ། ཙམ་པུ་ཡཱ། སུའུ་ཏན་ལྷོ་མ། ཀང་པུ་ཡཱ། མའོ་ལི་ཐཱ་ནི་ཡཱ། ཝུ་ཀན་ཏཱ་སོགས་རྒྱལ་སྲུང་སྡེ་ཁག་གི་མགོ་ཁྲིད་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་དང་ཞི་བདེ་བདེ་འཇགས་ཀྱི་ཨུ་ཡོན་ལ་ཐུག་འཕྲད་བྱས།
ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལྔ་བཅུ་ཙམ་ནས་ཡོང་བའི་མཐོ་རིམ་འཐུས་མི་བརྒྱ་ལྷག་སྐབས་འདིའི་གླེང་སྟེགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།