སྐབས་གཉིས་པའི་གླིང་ཕྲན་རྒྱལ་ཁབ་ཆུང་བའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ནས་རྒྱ་མཚོའིམཐིང་མདོག་གི་གྲོགས་པོའི་འབྲེལ་བ་མཉམ་འཛུགས་བྱེད་པ་གནད་སར་བཟུང་ཡོད།
2023.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སྐབས་གཉིས་པའི་གླིང་ཕྲན་རྒྱལ་ཁབ་ཆུང་བའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ཧྥེ་ཅིའི་རྒྱལ་ས་སུའུ་ཝ་ནས་སྤེལ། ཚོགས་ཞུགས་མི་སྣ་དག་གིས་ལང་ལོང་སྒོས་བསྟན་དོན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་མཐིང་མདོག་གི་གྲོགས་པོའི་འབྲེལ་བ་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཐེངས་འདིའི་གླེང་སྟེགས་ཀྱིས་ཚན་རིག་དང་ལག་རྩལ། མི་གཞུང་བཅས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་ཅེས་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། ཧྲན་ཏུང་ལེའོ་ཁྲིན་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པ་དང་ལེའོ་ཁྲིན་སློབ་ཆེན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཞིབ་འཇུག་ལྟེ་གནས་དང་། ཧྥེ་ཅིའི་ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཨེ་ཤ་ཡཱ་གླིང་ཞིབ་འཇུག་ཁང་གིས་མཉམ་དུ་སྒྲུབ་འགན་ཁུར་ཡོད་ལ། ལེའོ་ཁྲིན་གྲོང་ཁྱེར་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པ་རེད།

ཧྥེ་ཅིའི་སློབ་གསོ་པུའུ་ཡི་པུའུ་ཀྲང་ལཱ་ཏི་ལོ་ཏི་ལོ་དང་། ཧྥེ་ཅི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲོའུ་ཅན། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧྲུའུ་ཅན། དེ་མིན་ཨོ་སི་ཁྲུ་ལི་ཡཱ་དང་ཧྥེ་ཅི། སིང་ག་ལཱ། ཀྲུང་གོའི་ཚན་རིག་གླིང་། ཀྲུང་གོའི་ཚན་རིག་གླིང་སློབ་ཆེན། ཧྭ་ཏུང་དགེ་ཐོན་སློབ་ཆེན། ལེའོ་ཁྲིན་སློབ་ཆེན་གྱི་ཆེད་མཁས་པ་སོགས་མི་ལྔ་བཅུ་ལྷག་སྐབས་འདིའི་གླེང་སྟེགས་ལ་ཞུགས་ཡོད།

ལཱ་ཏི་ལོ་ཏི་ལོ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཧྥེ་ཅི་ཡིས་ཀྲུང་གོའི་བར་གྱི་སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། ཁྱད་པར་དུ་དགེ་རྒན་གྱི་སློབ་གསོ་དང་བརྡ་འཕྲིན་ལག་རྩལ། མི་ཤུགས་ཐོན་ཁུངས་དོ་དམ་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་འདོད་ཡོད་ཟེར།

གླེང་སྟེགས་སྟེང་། ཀྲུང་ཕྱིའི་ཆེད་མཁས་པ་དག་གིས་རྒྱུད་གཅིག་ལམ་གཅིག་གྲོས་འདོན་གྱི་ལག་བསྟར་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱེད་ཐབས། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ནུས་པའི་འཛུགས་སྐྲུན། རྒྱ་མཚོའི་བཅོས་སྐྱོང་སོགས་གྲོས་གཞིར་དམིགས་ཏེ་སྔ་གཞུག་ཏུ་གཏམ་བཤད་གལ་ཆེན་སྤེལ་ནས་རིགས་གཞུང་བརྗེ་རེས་བྱས། ཚོགས་ཞུགས་སྐུ་མགྲོན་དག་གིས་བསྟན་དོན། ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མཁས་པའི་བར་རིགས་གཞུང་བརྗེ་རེས་དང་རྒྱལ་སྤྱིའི་མཉམ་ལས་བྱེད་པའི་སྟེགས་བུ་བསྐྲུན་ཡོད་པ་དང་། མཁས་པ་དག་གིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་མཐིང་མདོག་གི་ཞི་བདེ་རྒྱ་མཚོ་འཛུགས་སྐྲུན་བྱེད་པའི་གོ་བ་དང་ཐུན་མོང་ལྟ་ཚུལ་མཐོར་འདེགས་བྱེད་ཐུབ་པར་མ་ཟད། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ས་ཁོངས་ཞིབ་འཇུག་ལའང་སྐུལ་འདེད་གང་ལེགས་གཏོང་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།