ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཀཱ་ཕིན་ནས་བྱུང་བའི་སྲིད་འགྱུར་གཡོ་ཇུས་ལ་རྒོལ་གཏམ་དྲག་པོ་བཏང་།
2023.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཀཱ་ཕིན་ནས་བྱུང་བའི་སྲིད་འགྱུར་གཡོ་ཇུས་ལ་རྒོལ་གཏམ་དྲག་པོ་བཏང་། ཁོས་དོན་རྐྱེན་དེ་མངོན་སུམ་འཛེམ་མེད་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཆབ་སྲིད་ཡིག་ཆར་འགལ་ཡོད་པར་སྐྱོན་འཛུགས་བྱས་པ་དང་། པང་ཀི་དང་ཁོའི་ཁྱིམ་མིའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཧྥ་རན་སིའི་སྲིད་གཞུང་གི་མགྲིན་ཚབ་པ་ཝེ་ལིང་གིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཀཱ་ཕིན་ནས་བྱུང་བའི་དམག་དོན་སྲིད་འགྱུར་ལ་རྒོལ་གཏམ་གཏོང་བཞིན་ཡོད་པར་མ་ཟད། གནས་བབ་ཀྱི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། ཀཱ་ཕིན་གྱི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ལ་བརྩི་འཇོག་ཐོབ་པར་རེ་བཞིན་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་བསྟན་དོན། ཀཱ་ཕིན་གྱི་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་གནས་བབ་འཕེལ་རྒྱས་ལ་དོ་སྣང་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།