ཀཱ་ཕིན་གྱི་ལས་ཁུངས་བར་བརྒལ་དང་སླར་གསོའི་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མང་ཧྥུའུ་པུས་ཀྱིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་ཁྱབ་བསྒྲགས་བྱས་དོན། ཀཱ་ཕིན་སྤྱི་མཐུན་རྒྱལ་ཁབ་ཉེན་སྲུང་རུ་ཁག་གི་བཀོད་འདོམ་དཔོན་པོ་ཨིན་ཀོས་མཱ་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞི་དང་བར་བརྒལ་མགོ་ཁྲིད་པར་བསྐོ་འཇོག་བྱས་ཡོད་ཟེར།
མང་ཧྥུའུ་པུས་ཀྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར་བསྡུས་པའི་ཀཱ་ཕིན་གྱི་དམག་དཔོན་གྲོས་ཚོགས་སྟེང་། ཚོགས་ཞུགས་མི་སྣས་གཅིག་གྱུར་སྒོས་ཨིན་ཀོས་མཱ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་བར་བརྒལ་མགོ་ཁྲིད་པར་བསྐོ་འཇོག་བྱེད་རྒྱུ་ཐག་བཅད་ཡོད་ཟེར། མང་ཧྥུའུ་པུས་ཀྱིས་བཤད་རྒྱུར། ཨིན་ཀོས་མཱ་ཡིས་རྒྱལ་ཁབ་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ཟེར། མང་ཧྥུའུ་པུས་ཀྱིས་བར་བརྒལ་དུས་སྐབས་ཀྱི་ཡུན་ཚད་གསལ་བོར་བཤད་མེད།
མང་ཧྥུའུ་པུས་ཀྱིས་ད་རུང་བཤད་རྒྱུར། ཉིན་རེའི་དགོང་མོའི་དུས་ཚོད་དྲུག་ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར་མཚན་མགྲོན་འགོག་རྒྱུ་ཡིན་ཟེར།
ཚེས་སུམ་ཅུ་ཉིན་གྱི་ཞོགས་པར། ཀཱ་ཕིན་འདེམ་བསྐོའི་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་དོན། ད་ལྟའི་ཙུང་ཐུང་པང་ཀི་ལ་ཚེས་ཉེར་དྲུག་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་རེ་བཞི་དང་གྲངས་ཆུང་གཉིས་བདུན་གྱི་འདེམ་ཤོག་ཐོབ་ནས་བསྟུད་འགན་ཁུར་ཐུབ་པ་བྱུང་ཡོད་ཟེར། དེའི་རྗེས་སུ་དམག་ཕྱོགས་ཀྱི་མི་སྣ་བཅུ་ལྷག་གིས་ལས་ཁུངས་བར་བརྒལ་དང་སླར་གསོའི་ཨུ་ཡོན་ལྷན་ཁང་གི་མིང་བཟུང་ནས་ཀཱ་ཕིན་གྱི་བརྙན་འཕྲིན་ཁང་ཉེར་བཞི་ནས་གསལ་སྒྲོག་སྤེལ་ཏེ། འདེམ་བསྐོའི་མཇུག་འབྲས་ནུས་མེད་ཡིན་པ་ཁྱབ་བསྒྲགས་བྱས་པར་མ་ཟད། སྲིད་དབང་ཐོབ་ཡོད་པ་དང་། རྒྱལ་ཁབ་ལས་ཁུངས་གཏོར་ནས་དེའི་ཞོར་དུ་རྒྱལ་ཁབ་དེའི་མཐའ་མཚམས་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། ལས་ཁུངས་བར་བརྒལ་དང་སླར་གསོའི་ཨུ་ཡོན་ལྷན་ཁང་གིས་དེའི་རྗེས་སུ་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ་པང་ཀི་བཟང་བཙོན་ལ་བཅུག་ཡོད་པ་དང་། དེའི་བུ་དང་ཙུང་ཐུང་བཞུགས་ཤག་གི་མཐོ་རིམ་དཔོན་པོ་མང་བོ་འཛིན་བཟུང་བྱས་ཡོད་ཟེར།
པང་ཀི་ཡིས་ཉིན་དེར་ཙུང་ཐུང་གཞུང་སྒྲུབ་ཁང་བརྒྱུད་དེ་སྨྱན་བྱད་ལ་སྐར་ཆ་ལྔ་བཅུ་ཙམ་གྱི་བརྙན་རིས་སྤེལ། ཁོས་བརྙན་རིས་ལས་ཀཱ་ཕིན་དཔོན་ཕྱོགས་ཀྱི་ཧྥ་རན་སིའི་སྐད་རིགས་མ་བཀོལ་བར་དབྱིན་སྐད་ཀྱིས་བཤད་རྒྱུར། རང་ཉིད་མིག་སྔར་སྡོད་གནས་སུ་ཡོད་པ་དང་། རང་གི་ལྕམ་མོ་དང་བུ་ཆུང་གནས་གཞན་དུ་ཡོད། ཁོས་ལས་རིགས་སོ་སོས་དོན་དེའི་ཐད་ནས་འབོད་པ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།