དབྱི་སི་རལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་ལ་རྨས་ཕོག
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དབྱི་སི་རལ་གྱི་དབུས་ཕྱོགས་ཀྱི་གྲོང་ཁྱེར་མའོ་ཏེ་དབྱིན་ཉེ་འདབས་ནས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་རླངས་འཁོར་བསྐོར་ནས་གཞན་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་སྟེ། དབྱི་སི་རལ་གྱི་མི་ཞིག་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་ལྔ་ལ་རྨས་ཕོག ཕ་ལེ་སི་ཐན་གྱི་འཇབ་རྒོལ་བ་དེ་བདེ་འཇགས་དམག་དཔུང་གི་མི་སྣས་མེ་མདས་བརྒྱབ་སྟེ་བསད།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འཇབ་རྒོལ་བ་དེ་ནི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕ་ལེ་སི་ཐན་གྱི་ལོ་ཞེ་གཅིག་ཅན་གྱི་སྐྱེས་པ་ཞིག་ཡིན་ལ། ཁོས་རླངས་འཁོར་ཆེན་པོ་ཞིག་བསྐོར་ནས་མའོ་ཏེ་དབྱིན་ཉེ་འདབས་ཀྱི་ཕ་ཁི་སི་ཐན་དང་དབྱི་སི་རལ་གྱི་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འགྲམ་ནས་མི་ཚོགས་ལ་གདོང་ཐུག་བརྒྱབ་རྗེས་ཕྱིར་བྲོས་ཏེ། སྤྱི་ལེ་འགའི་མཚམས་ཀྱི་ཞིབ་བཤེར་ས་ཚིགས་གཞན་པ་ཞིག་ལ་ཐོན་སྐབས་དབྱི་སི་རལ་གྱི་བདེ་སྲུང་མི་སྣས་མེ་མདས་བརྒྱབ་སྟེ་བསད་ཟེར།

དབྱི་སིར་ལ་གྱི་དམག་གིས་རྨས་མའི་ཁྲོད་དུ་དབྱི་སི་རལ་གྱི་དམག་མི་གསུམ་ཡོད་པ་ངོས་འཛིན་བྱས་ལ། དེའི་ནང་གི་མི་གཅིག་ལ་རྨས་ཕོག་པ་ཅུང་ལྗིད་པས་སྨན་བཅོས་བྱས་ཀྱང་མ་ཕན་པར་རྐྱེན་ལམ་དུ་ཤོར། དོན་རྐྱེན་འབྱུང་སྐབས་ཁོ་ཚོ་རྐང་ཐང་དུ་ཞིབ་བཤེར་ས་ཚིགས་དང་པོ་དེའི་ཉེ་འདབས་ཀྱི་སྤྱི་སྤྱོད་རླངས་ས་ཚིགས་སུ་འགྲོ་བཞིན་ཡོད། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་སྲུང་ཕུབ་དམར་པོ་ཞེས་པ་དེས་བཤད་པ་ལྟར་ན་རྨས་མའི་ཁྲོད་དུ་ད་དུང་མི་སེར་གསུམ་ཡོད་ཟེར།

ད་ལོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད། ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ཡེ་ལུའུ་ས་ལུན་སོགས་ས་ཁུལ་ནས་དབྱི་སི་རལ་གྱི་དམག་དང་ཕ་ལེ་སི་ཐན་པའི་བར་དུ་འཁྲུག་རྩོད་བྱུང་བར་མ་ཟད་མི་སྣ་མང་བོ་ཤི་རྨས་བཟོས།