ནེ་ཀྲིར་དམག་མིའི་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཧྥ་རན་སིའི་ནེ་ཀྲིར་རུ་སྡོད་པའི་གཞུང་ཚབ་ཆེན་པོ་ཕྱིར་བདའ་རྒྱུ་ཡིན་ཞེས་བཤད།
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ནེ་ཀྲིར་དམག་མིའི་སྲིད་གཞུང་གི་ཕྱི་འབྲེལ་དང་མཉམ་ལས་པུའུ་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ནེ་ཀྲིར་རྒྱལ་ཁབ་རླུང་འཕྲིན་ཁང་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཧྥ་རན་སིའི་ནེ་ཀྲིར་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཞིར་ཝན་དབྱི་ཐའེ་ཕྱིར་བདའ་རྒྱུ་ཡིན་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ནེ་ཀྲིར་དམག་མིའི་སྲིད་གཞུང་གིས་ཉེན་རྟོག་སྡེ་ཁག་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཧྥ་རན་སིའི་ནེ་ཀྲིར་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཞིར་ཝན་དབྱི་ཐའེ་ཕྱིར་བདའ་དགོས་པའི་བརྡ་བརྒྱབ་ཡོད་པ་དང་། ནེ་ཀྲིར་གྱིས་དེ་སྔོན་དབྱི་ཐའེ་དང་ཁོའི་ཁྱིམ་མི་ལ་བྱིན་པའི་ཕྱི་འབྲེལ་མི་སྣའི་དཔང་ཡིག་དང་ཐོངས་མཆན་དག་ནུས་མེད་དུ་གྱུར་པ་ཡིན་ཟེར། གསལ་བསྒྲགས་ནང་དུ་ཐག་གཅོད་དེར་འགྱུར་བ་གཏན་ནས་བཏང་མི་ཆོག་ཅེས་བཤད་ཡོད།

གསལ་བསྒྲགས་ནང་དུ་བཤད་རྒྱུར། དབྱི་ཐའེ་མ་གཞིར་ཚེས་ཉེར་བརྒྱད་ཉིན་གྱི་སྔོན་ལ་ནེ་ཀྲིར་གྱི་མངའ་ཁོངས་ནས་འབྲལ་དགོས་པ་དང་། དམག་མིའི་སྲིད་གཞུང་གིས་ཁོར་དུས་བཅད་བྱས་པའི་ནེ་ཀྲིར་གྱི་མངའ་ཁོངས་ནས་འབྲལ་རྒྱུའི་དུས་ཚོད་འདས་ཟིན་པས། དབྱི་ཐའེ་ལ་ནེ་ཀྲིར་གྱི་མངའ་ཁོངས་སུ་ཕྱི་འབྲེལ་ཆག་ཡང་གི་དབང་ཆ་ལོངས་སུ་སྤྱོད་དབང་མེད་ཟེར།

ནེ་ཀྲིར་གྱི་དམག་མིའི་སྲིད་གཞུང་གི་ཕྱི་འབྲེལ་དང་མཉམ་ལས་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གསལ་བསྒྲགས་སྤེལ་ནས། དབྱི་ཐའེ་དུས་ཚོད་ཞེ་བརྒྱད་ཀྱི་ནང་དུ་ནེ་ཀྲིར་གྱི་མངའ་ཁོངས་དང་འབྲལ་རྒྱུའི་རེ་བ་བཏོན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ནེ་ཀྲིར་དམག་མིའི་སྲིད་གཞུང་ལ་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་ནེ་ཀྲིར་གྱི་མངའ་ཁོངས་དང་འབྲལ་རྒྱུའི་རེ་བ་འདོན་པའི་དབང་ཆ་མེད་ཅེས་བཤད།

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། ནེ་ཀྲིར་གྱི་ཙུང་ཐུང་སྲུང་དམག་རུ་ཁག་གི་དམག་མི་འགས་ཙུང་ཐུང་པ་ཙུའུ་མུའུ་གཏའ་མར་བཟུང་། ཉིན་དེའི་ནམ་གུང་སྲིད་འགྱུར་དམག་མིས་ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ། པ་ཙུའུ་མུའུ་ཡི་ཙུང་ཐུང་གི་འགན་བླངས་ནས། དམག་མིའི་སྲིད་དབང་གིས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་འགོ་བརྩམས་པ་ཡིན་ཞེས་བསྒྲགས།