ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་མི་དམངས་དམག་གིས་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་འཐབ་རྩལ་ཉིང་རྡུལ་རྒོལ་རྡུང་གི་ལད་མོའི་སྦྱོང་བརྡར་བྱས་ཏེ། ཨ་མེ་རི་ཁའི་འཐབ་འཛིང་འགས་གཏོར་གནམ་གྲུ་ཞུགས་པའི་ཨ་མེ་རི་ཁ་དང་ཧན་གོའི་ཁྲའོ་ཞན་ལ་ཁ་གཏད་པའི་མཉམ་འབྲེལ་དམག་སྦྱོང་ལ་ཁ་གཏད་འཇལ་ཡོད་ཟེར།
ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཁྲའོ་ཞན་མི་དམངས་དམག་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་སུམ་ཅུ་ཉིན་བསྒྲགས་པའི་གནས་ཚུལ་ཞིག་བརྒྱུད་འགོད་བྱས་པ་ལྟར་ན། ཨ་མེ་རི་ཁ་དང་ཧན་གོའི་དབྱི་ཀྲི་རང་དབང་སྲུང་ཕུབ་ཞེས་པའི་མཉམ་འབྲེལ་དམག་སྦྱོང་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པའི་སྐབས་སུ། ཨ་མེ་རི་ཁས་ཚེས་སུམ་ཅུ་ཉིན་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་དང་ནུབ་ཕྱོགས་མཚོ་ཁོངས་ཀྱི་བར་སྣང་དུ་འཐབ་ཇུས་འགས་གཏོར་གནམ་གྲུ་རུ་ཁག་མངགས་ཏེ། ཧན་གོའི་འཐབ་འཛིང་གནམ་གྲུ་དང་མཉམ་དུ་ཁྲའོ་ཞན་ལ་མཉམ་འབྲེལ་རྒོལ་རྡུང་བྱེད་པའི་སྦྱོང་བརྡར་བྱས་སོང་ཟེར།
ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་བཤད་རྒྱུར། གནས་ཚུལ་དེར་དམིགས་ནས། ཁྲའོ་ཞན་མི་དམངས་དམག་ནུབ་ཕྱོགས་ས་ཁུལ་འཐབ་རྩལ་ཉིང་རྡུལ་བཀོལ་སྤྱོད་དམག་དཔུང་གིས་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ཕེན་རང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་བྱང་ཤར་ཕྱོགས་སུ་འཐབ་རྩལ་མདེལ་ལམ་འཕུར་མདའ་གཉིས་འཕངས་ཏེ། ཧན་གོའི་བཀོད་འདོམས་དམག་སྒར་གཙོ་བོ་དང་འཐབ་འཛིང་གནམ་གྲུ་ཐང་ལ་འཐབ་རྩལ་ཉིང་རྡུལ་རྒོལ་རྡུང་བྱེད་པའི་ལད་མོའི་སྦྱོང་བརྡར་བྱས་པ་དང་། འཕུར་མདའ་དེ་གཉིས་དམིགས་འབེན་དུ་བཟུང་བའི་གླིང་ཕྲན་གྱི་བར་སྣང་གི་མཐོ་ཚད་སྨི་བཞི་བརྒྱའི་མཚམས་སུ་འགས་གཏོར་བཏང་བ་ཡིན། ཐེངས་དེའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དགྲ་བོར་ཁྲའོ་ཞན་ཕྱོགས་ཀྱི་དཔུང་འཇུག་གི་བློ་རྩ་བརྟན་པོ་དང་རྒོལ་རྡུང་གི་ནུས་པ་ངོ་མ་གསལ་སྟོན་བྱེད་རྒྱུ་དེ་ཡིན་ཟེར།
གཞན་ཡང་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་སོ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཅིན་ཀྲིན་ཨིན་གྱིས་ཚེས་ཉེར་དགུ་ཉིན་ཁྲའོ་ཞན་མི་དམངས་དམག་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་སྦྱོང་བརྡར་བཀོད་འདོམས་ཁང་དུ་གཟིགས་བཤེར་བྱེད་སྐབས། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་བྱ་སྤྱོད་ཀྱིས་ཁྲའོ་ཞན་ལ་བཙན་འཛུལ་བྱ་རྒྱུའི་ཧམ་སེམས་དམར་རྗེན་དུ་བསྟན་པས། ཁྲའོ་ཞན་ཕྱོགས་ཀྱིས་དེར་མཐའ་གཅིག་ཏུ་ཁ་གཏད་འཇལ་དགོས་ཞེས་བཤད་པ་དང་། ཁོས་མི་དམངས་དམག་གིས་སྦྱོང་བརྡར་ལ་སྔར་ལས་ཤུགས་བསྣན་ནས་དམག་འཁྲུག་ལ་གྲ་སྒྲིག་བཟང་བོ་བྱ་དགོས་པའི་རེ་བ་བཏོན་ཟེར།
དེའི་སྔོན་ལ་ཧན་གོའི་དམག་ཕྱོགས་ཀྱིས་ཧན་གོ་དང་ཨ་མེ་རི་ཁས་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ནས་སོ་གཅིག་ཉིན་བར་དབྱི་ཀྲི་རང་དབང་སྲུང་ཕུབ་ཅེས་པའི་མཉམ་འབྲེལ་དམག་སྦྱོང་སྤེལ་རྒྱུ་ཡིན་ཞེས་བཤད།