ཨུ་རུ་སིའི་དམག་གིས་ས་ཆ་མང་བོ་ནས་ཝུའུ་ཁི་ལན་གྱི་ཁ་ལོ་བ་མེད་པའི་གནམ་གྲུ་ཐང་ལ་འཕངས།
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བསྒྲགས་རྒྱུར། ཨུ་རུ་སིའི་མཁའ་ཟོན་དམག་དཔུང་གིས་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་ནས་ཚེས་སོ་གཅིག་ཉིན་གྱི་ཐོ་རེངས་བར་དུ་མའོ་སི་ཁོ་མངའ་སྡེ་དང་པུའུ་ལེང་སི་ཁི་མངའ་སྡེ་སོགས་ས་ཆ་མང་བོ་ནས་ཨུ་རུ་སིའི་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱེད་རྩིས་བྱས་པའི་ཝུའུ་ཁི་ལན་གྱི་ཁ་ལོ་བ་མེད་པའི་གནམ་གྲུ་ཐང་ལ་འཕངས་པ་ཡིན་ཟེར། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་མི་ཁྲི་གཉིས་ལྷག་གིས་དབྱིན་ཇི་ནས་སྦྱོང་བརྡར་དང་དུ་བླངས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ཉིན་དེའི་ཐོ་རེངས་ཀྱི་དུས་སུ། ཨུ་རུ་སིའི་མཁའ་ཟོན་དམག་དཔུང་གིས་མའོ་ཁི་སོ་མངའ་སྡེའི་ཝོ་སི་ཁི་ལེ་ཞན་སི་ཁི་ས་ཁུལ་གྱི་བར་སྣང་ནས་ཨུ་རུ་སིའི་མངའ་ཁོངས་སུ་འཇབ་རྒོལ་བྱེད་རྩིས་ཡོད་པའི་ཝུའུ་ཁི་ལན་གྱི་ཁ་ལོ་བ་མེད་པའི་གནམ་གྲུ་སར་འཕངས་པ་ཡིན་ཟེར། མའོ་སི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་སོ་པེ་ཡ་ཉིང་གིས་ཀྱང་ཉིན་དེར་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། མའོ་སི་ཁོ་ཕྱོགས་སུ་འཕུར་རྩིས་ཡོད་པའི་ཝུའུ་ཁི་ལན་གྱི་ཁ་ལོ་བ་མེད་པའི་གནམ་གྲུ་ཞིག་ཨུ་རུ་སིའི་མཁའ་ཟོན་དམག་དཔུང་གིས་ཐང་ལ་འཕངས་པ་དང་། ཐོག་མའི་གནས་ཚུལ་ལྟར་ན། དོན་རྐྱེན་དེའི་ཁྲོད་དུ་མི་སྣ་དང་རྒྱུ་ནོར་ལ་གྱོང་གུད་བཟོས་མེད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་སོ་གཅིག་ཉིན་གསར་འགྱུར་སྤེལ་ནས་བཤད་རྒྱུར། ཚེས་སུམ་ཅུ་ཉིན་གྱི་ནམ་གུང་། ཨུ་རུ་སིའི་མཁའ་ཟོན་དམག་དཔུང་གིས་པུའུ་ལེང་སི་ཁི་མངའ་སྡེའི་བར་སྣང་ནས་ཝུའུ་ཁི་ལན་གྱི་ཁ་ལོ་བ་མེད་པའི་གནམ་གྲུ་གཉིས་ས་རུ་འཕངས་པར་མ་ཟད། ཨུ་རུ་སིའི་དམག་གིས་ཁི་ལེ་མུས་ཡའི་བར་སྣང་ནས་ཝུའུ་ཁི་ལན་ཕྱོགས་ཀྱི་འཕུར་མདའ་ཞིག་ཀྱང་ས་རུ་འཕངས་པ་ཡིན་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ལེ་ཡ་ཨར་གྱིས་ཚེས་སོ་གཅིག་ཉིན་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་གིས་མུ་མཐུད་དུ་ལྷོ་ཕྱོགས་ནས་ཨུ་རུ་སིའི་དམག་ལ་རྒོལ་ལན་སྤྲད་པར་མ་ཟད། ཝུའུ་ཁི་ལན་ཕྱོགས་ཀྱི་རྒོལ་ལན་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་སོ་གཅིག་ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་གསར་འགྱུར་སྤེལ་ནས་བཤད་རྒྱུར། ཨུ་རུ་ཕྱོགས་ཀྱི་ལྟ་བཤེར་སྒྲིག་ཆས་ཉིན་དེར་པ་ལུན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་དམིགས་འབེན་ཞིག་ཨུ་རུ་སིའི་མཐའ་མཚམས་དང་ཉེ་བར་བཅར་བཞིན་པ་མཐོང་རྗེས། ཨུ་རུ་སིའི་མཚོ་དམག་བྱང་ཕྱོགས་དམག་གྲུ་རུ་ཁག་གི་འཐབ་འཛིང་གནམ་གྲུ་ཞིག་བར་སྣང་དུ་འཕུར་ནས་བལྟས་པ་ན། དེ་ནི་ནོར་ཝེ་ཕྱོགས་ཀྱི་མྱུལ་ཞིབ་གནམ་གྲུ་ཞིག་ཡིན་པ་ཤེས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་དེའི་མཐའ་རུ་ལྡིང་སྐོར་བརྒྱབ་སྟེ་དེ་ཨུ་རུ་སིའི་མཐའ་མཚམས་སུ་འཛུལ་བར་བཀག་འགོག་བྱས་པ་དང་། ནོར་ཝེའི་མྱུལ་ཞིབ་གནམ་གྲུ་དེས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་ཉེ་བར་བཅར་བ་མཐོང་རྗེས་ཕྱིར་འཕུར་སོང་ཟེར།

ཝུའུ་ཁི་ལན་དྲག་ཆས་དམག་དཔུང་སྤྱིའི་ཇུས་འདོན་པུའུ་ཡིས་ཚེས་སུམ་ཅུ་ཉིན་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་གྱི་དམག་མི་ཁྲི་གཉིས་ལྷག་གིས་དབྱིན་ཇི་རུ་སྦྱོང་བརྡར་བྱེད་བཞིན་ཡོད་ལ། དབྱིན་ཇི་ཕྱོགས་ཀྱིས་སྦྱོང་བརྡར་ཁྲོད་ཞུགས་པའི་ཝུའུ་ཁི་ལན་གྱི་དམག་མིར་མེལ་འགོག་སྟོད་ཐུང་དང་རྨོག་ཞྭ་སོགས་ཀྱི་སྒྲིག་ཆས་བྱིན་ཡོད་ཟེར། མིག་སྔའི་བར་དུ། དབྱིན་ཇིས་ཝུའུ་ཁི་ལན་ལ་དབྱིན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་ལྷག་གིས་རོགས་སྐྱོར་བྱས་ཡོད།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལའེ་པ་ཡིས་ཚེས་སུམ་ཅུ་ཉིན་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ཁོས་ཉིན་དེར་ཕ་རེ་སི་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཧྥ་རན་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་དམག་དོན་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་སྐྱེལ་བ་སོགས་ཀྱི་གནད་དོན་ཐད་ནས་གྲོས་སྡུར་བྱས་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་སུམ་ཅུ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དུ། ཝུའུ་ཁི་ལན་གྱིས་ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་འོག་ཏུ་བསྟུད་མར་ཨུ་རུ་སིའི་མངའ་ཁོངས་ཀྱི་དམངས་སྤྱོད་དམིགས་འབེན་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། ཀྲ་ཧ་ལོ་ཝ་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་གྱི་ནམ་གུང་ཁ་ལོ་བ་མེད་པའི་གནམ་གྲུ་སྤྱད་དེ་ཨུ་རུ་སིའི་ས་ཁུལ་འགར་འཇབ་རྒོལ་བྱས་སོང་ཞེས་བཤད། ཁོ་མོས་གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འཁོར་སྐར་ཆ་འཕྲིན་འདོན་སྤྲོད་མ་བྱས་ན། ཝུའུ་ཁི་ལན་གྱི་ཁ་ལོ་བ་མེད་པའི་གནམ་གྲུ་ས་ཐག་དེ་འདྲའི་རིང་བོ་ནས་ཨུ་རུ་སིའི་མངའ་ཁོངས་སུ་འཛུལ་ཐབས་མེད་ཅེས་ནན་གྱིས་བཤད།