ཀྲི་ལིའི་དབུས་ཕྱོགས་ཀྱི་པུས་ཨོ་པུས་ཨོ་ས་ཁུལ་ཆེན་མོའི་ཧྲིན་ཕའེ་ཏི་ལོ་ཏི་ལཱ་པཱ་སི་གྲོང་ཁྱེར་གྱི་ཧྲི་ཀྲང་ཅི་ནེ་སི་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་བཤད་རྒྱུར། གྲོང་ཁྱེར་དེར་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དང་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་གཅིག་ལྕགས་ལམ་གྱི་ལམ་ཁ་ཞིག་བརྒྱུད་སྐབས་ཁ་གཏད་ནས་ཡོང་བའི་མེ་འཁོར་དང་ཐོ་བརྒྱབ་པ་རེད། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འདས་པོ་དྲུག་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་སྟེང་གི་འགྲུལ་བ་དང་ཁ་ལོ་བ་ཡིན་ལ། མེ་འཁོར་སྟེང་ནས་མི་སྣར་ཤི་རྨས་ཐེབས་མེད་ཟེར།
ཀྲི་ལི་རྒྱལ་ཁབ་ཀྱི་ལྕགས་ལམ་ཀུང་ཟིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། ཀུང་ཟིའི་ལྟ་རྟོག་མ་ལག་ལས་མངོན་པ་ལྟར་ན། དོན་རྐྱེན་བྱུང་སའི་ལྕགས་ལམ་གྱི་ལམ་ཁ་དེའི་འགོག་ཤིང་གིས་མེ་འཁོར་མ་ཐོན་གོང་ནས་རྒྱུན་ལྡན་ངང་ལམ་ཁ་བཀག་ཡོད། རྟོག་ཞིབ་བྱས་པ་དང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་ཁ་ལོ་བས་འགྲིམ་འགྲུལ་སྒྲིག་ལམ་རྩི་སྲུང་མ་བྱས་པར་ལྕགས་ལམ་བརྒྱུད་ལས་བྱུང་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།