ཨེ་མེ་ནི་ཡཱའི་དམག་དཔུང་དང་ཨ་སེ་པེད་ཅང་གི་དམག་དཔུང་གིས་ཟླ་དགུ་བའི་ཚེས་གཅིག་ཉིན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་བྱས་ནས། ཉུང་མཐར་ཡང་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་སྔོན་ལ་དཀྲུག་འཕེན་བྱས་པར་སྐྱོན་འཛུགས་བྱས།
ཨེ་མེ་ནི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་སེ་པེད་ཅང་གི་དྲག་ཆས་དམག་དཔུང་གིས་ཉིན་དེར་མེ་སྒྱོགས་སོགས་བཀོལ་ནས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དང་ཉེ་བའི་ཨེ་མེ་ནི་ཡཱའི་སོ་ལྟ་ཁང་ལ་འཇབ་རྒོལ་བྱས་ཏེ། ཨེ་མེ་ནི་ཡཱ་ཕྱོགས་ཀྱི་དམག་མི་བཞི་རྐྱེན་ལམ་དུ་ཤོར་ཟེར།
ཨ་སེ་པེད་ཅང་གི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བསྟན་དོན། ཨེ་མེ་ནི་ཡཱའི་དྲག་ཆས་དམག་དཔུང་གིས་མེ་སྒྱོགས་སོགས་མཚོན་ཆ་བཀོལ་ནས་ཁི་ཨར་པཱ་ཅཱ་ས་ཁུལ་དུ་ཡོད་པའི་ཨ་སེ་པེད་ཅང་གི་དམག་དཔུང་གི་སྒར་སར་འཇབ་རྒོལ་བྱས་པས། ཨ་སེ་པེད་ཅང་གི་དམག་དཔུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་པ་ཡིན་ཟེར།
སུའུ་ལེན་ཁ་ཐོར་དུ་སོང་རྗེས། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་བར་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་བདག་དབང་གནད་དོན་དབང་གིས་འཐབ་འཁྲུག་བྱུང་། རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་ཕྱོགས་ཡོངས་ནས་ཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་། ནཱ་ཁཱའི་གནད་དོན་དབང་གིས་རྒྱུན་པར་དགྲར་འཛིན་གྱི་རྣམ་པར་གནས་ཡོད་ལ། དྲག་ཆས་འཁྲུག་རྩོད་དུས་ངེས་མེད་དུ་འབྱུང་བཞིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།