མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཏུན་གཅིག་དང་གྲངས་ཆུང་བརྒྱད་རྩད་ཆོད།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མའོ་ལོ་ཀིའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ཁབ་དེའི་ཆེས་ཆེ་བའི་གྲོང་ཁྱེར་ཁཱ་སཱ་པུའུ་ལན་ཁཱ་ནས་དུག་རྫས་ཏུན་གཅིག་དང་གྲངས་ཆུང་བརྒྱད་རྩད་ཆོད་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཁཱ་སཱ་པུའུ་ལན་ཁཱའི་ཉེན་རྟོག་ཕྱོགས་མཚོ་ཐོག་གི་འགུལ་སྐྱོད་ཅིག་གི་ཁྲོད་དུ་དུག་རྫས་དེ་དག་རྙེད་པར་མ་ཟད། གྲུ་གཟིངས་ཆུང་བ་གཉིས་དང་སྒུལ་འཁོར་གཉིས། འབར་སྣུམ་བཅས་གཞུང་བཞེས་བྱས་ཡོད་ཟེར། གཞན་ཡང་མའོ་ལོ་ཀིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་དུ་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ཟེར།

མའོ་ལོ་ཀིའི་ས་ཁུལ་རེ་འགར་ཁྲིམས་འགལ་གྱིས་སོ་མ་ར་ཛ་འདེབས་འཛུགས་བྱེད་པའི་གནས་ཚུལ་ཚབས་ཆེན་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་ལ། མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་སོ་མ་ར་ཛའི་འདེབས་འཛུགས་དང་དུག་རྫས་ཀྱི་ཉོ་ཚོང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། དུག་རྫས་མང་བོ་རྩད་ཆོད་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།