ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཀཱ་ཕིན་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། ཀཱ་ཕིན་ནས་ཉེ་སྔོན་བྱུང་བའི་དམག་དོན་སྲིད་འགྱུར་ལ་རྒོལ་གཏམ་བཏང་བ་དང་། ཀཱ་ཕིན་གྱི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཀྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཀཱ་ཕིན་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས་པ་དང་། མྱུར་མོར་ཀཱ་ཕིན་གྱི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་འབྲེལ་ཡོད་ལས་ཁུངས་ཀྱི་བྱ་འགུལ་ཚང་མའི་ཐོབ་ཐང་དེ་ཀཱ་ཕིན་གྱི་རྒྱུན་ལྡན་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་རག་བར་དུ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད་པ་རེད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། ཙུང་ཐུང་པང་ཀི་དང་ཁོའི་ཁྱིམ་མི་ཕྱིར་གཏོང་བ་དང་། དེ་མིན་འབྲེལ་ཡོད་ཀྱི་སྲིད་གཞུང་མི་སྣའི་བདེ་འཇགས་དང་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ད་རུང་དམག་དཔུང་མྱུར་མོར་དམག་སྒར་དུ་ལོག་དགོས་པ་དང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དབང་ཤུགས་དེ་ཞི་དཔོན་དབང་འཛིན་ལས་ཁུངས་ལ་སྤྲད་དེ་རྩ་ཁྲིམས་དབང་སྟེར་དང་རྩ་ཁྲིམས་སྲིད་འཛིན་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་བཏོན།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་དེའི་དམག་ཕྱོགས་ཀྱིས་ཀཱ་ཕིན་གྱི་ཆབ་སྲིད་འཕེལ་རིམ་ལ་ཐེ་གཏོགས་བྱེད་མི་རུང་། གལ་ཏེ་བྱེད་ན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་སྲིད་ལ། དེའི་ནང་སྲིད་འགྱུར་མི་སྣར་དམིགས་སའི་རང་བཞིན་ལྡན་པའི་བཀག་སྡོམ་བྱེད་ཐབས་སྤྱོད་པ་སོགས་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།