མོང་གོལ་གྱི་ཙུང་ལི་ཨོ་ཡུན་ཨེར་ཏིན་གྱིས་ཟླ་དགུ་བའི་ཚེས་གཅིག་ཉིན་བསྟན་དོན། མོང་གོལ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་གྱི་སྒྲོམ་གཞིའི་ནང་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
ཉིན་དེར་ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་མགོ་བ་ལོ་ཀྲའོ་ཧོས་ཀྱིས་ཝུའུ་ལན་པཱ་ཐའོ་ནས་ཨོ་ཡུན་ཨེར་ཏིན་ལ་ཐུག་འཕྲད་བྱས།
ཨོ་ཡུན་ཨེར་ཏིན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་དུས་ཡུན་རིང་བོའི་ཚུན་ལ། མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་ནས་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། མོང་གོལ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་གྱི་སྒྲོམ་གཞིའི་འོག ཉོ་ཚོང་དང་མཐའ་མཚམས་འགག་སྒོའི་འཛུགས་སྐྲུན། བྱེ་འགོག་བྱེ་བཅོས། འཇོན་མིའི་གསོ་སྐྱོང་སོགས་ཁྱབ་ཁོངས་ནས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་འཕེལ་རྒྱས་སུ་བཏང་སྟེ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འབྲེལ་ཡོད་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་འདོད་ཡོད་ཟེར།
ལོ་ཀྲའོ་ཧོས་ཀྱིས་བསྟན་དོན། ཀྲུང་གོ་དང་མོང་གོལ་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། དཔལ་འབྱོར་ཐད་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དེ་མོང་གོལ་རྒྱལ་ཁབ་ཀྱི་བསྐྱར་དར་སྲིད་ཇུས་དང་ཉིས་སྟོང་ལྔ་བཅུ་ལོའི་རྒྱང་རིང་དམིགས་འབེན་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ཐེངས་འདིར་ཀྲུང་གོའི་འཐུས་ཚབ་ཚོགས་པས་མོང་གོལ་དུ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཀྲུང་གོ་དང་མོང་གོལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇིུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀྱི་འཕེལ་རྒྱས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལས་གཞི་གལ་ཆེན་སྐོར་ཞིག་དང་ཁྱད་པར་དུ་ཀྲུང་གོས་མོང་གོལ་ལ་རྒྱབ་སྐྱོར་བྱས་ནས་སྡོང་བོ་རྐང་ཐེར་འབུམ་འདེབས་འཛུགས་བྱེད་པའི་འཆར་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ཡིན་ཟེར།
ཉིན་དེར་ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ལས་དོན་ཅུའུ། ཕྱི་འབྲེལ་པུའུ་བཅས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་བར་གྲོས་མོལ་བྱས་ཏེ། འབྲེལ་ཡོད་ཀྱི་མཉམ་ལས་གྲོས་མཐུན་བཀོད་པར་མ་ཟད། ཀྲུང་གོ་དང་མོང་གོལ་བྱེ་མའི་འགོག་བཅོས་མཉམ་ལས་ལྟེ་གནས་ཀྱི་སྒོ་བྱང་ཡོལ་བ་ཕྱེས་པའི་མཛད་སྒོ་སྤེལ།
བསོད་ནམས་ཚེ་རིང་གིས་བསྒྱུར།