ནེ་ཀྲིར་གྱི་དམག་དོན་སྲིད་གཞུང་གིས་ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་པ་མཐར་སྐྲོད་བཏང་།
2023.09.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ནེ་ཀྲིར་གྱི་དམག་དོན་སྲིད་གཞུང་གི་ནང་སྲིད་སྤྱི་བའི་བདེ་འཇགས་དང་ས་ཞིང་དོ་དམ་གྱི་རྒྱལ་དོན་པུའུ་ཀྲང་ཐུང་པཱ་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་དགོང་མོར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་པ་མྱུར་མོར་མཐར་སྐྲོད་གཏོང་བའི་བཀའ་རྒྱ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ནེ་ཀྲིར་གྱི་དམག་དོན་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་ལ་བརྡ་བཏང་སྟེ། བྱེད་ཐབས་གང་རུང་སྤྱད་དེ་ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་པ་དབྱིན་ཐེ་མཐར་སྐྲོད་གཏོང་དགོས་པ་དང་། བཀའ་རྒྱ་དེ་བཏང་བའི་ཉིན་དེ་ནས་བཟུང་ནུས་ལྡན་དུ་གྱུར་ཡོད་ཟེར།

ནེ་ཀྲིར་གྱི་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉེ་སྔོན་ནེ་ཀྲིར་གྱི་གནས་བབ་དང་འབྲེལ་བའི་གཏམ་བཤད་སྤེལ་ནས། ནེ་ཀྲིར་གྱི་མང་ཚོགས་ཁ་བྲལ་དུ་གཏོང་རྩིས་བྱས་ཀྱང་། ནེ་ཀྲིར་གྱི་མི་དམངས་ལ་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ཟེར།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གཅིག་ཉིན་དྲ་ཐོག་ཏུ་བརྙན་རིས་ཤིག་སྤེལ་ཏེ། མཱ་ཁི་ལུང་གིས་ཡོངས་བསྒྲགས་ཚོགས་ར་ནས་ནེ་ཀྲིར་གྱི་དམག་དོན་སྲིད་གཞུང་གིས་བཀག་འཇུག་བྱེད་པའི་ཙུང་ཐུང་པཱ་ཙུའུ་མུའུ་ལ་རྒྱབ་སྐྱོར་བྱེད་པ་དང་། ནེ་ཀྲིར་གྱི་དམག་དོན་སྲིད་གཞུང་ཁས་ལེན་མི་བྱེད་པའི་ཚུལ་བསྟན་པར་མ་ཟད། པཱ་ཙུའུ་མུའུ་དང་འབྲེལ་འདྲིས་བྱས་པའི་རྨང་གཞིའི་སྟེང་འབྲེལ་ཡོད་ཀྱི་ཆོད་དོན་སྤེལ་རྒྱུའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།