ཉིས་སྟོང་ཉེར་གསུམ་ལོའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་ཀྱི་ཁྱབ་ཁོངས་མང་བོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་རྒྱུ་རེད།
2023.09.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

གསར་འགོད་པས་ཉེ་སྔོན་པེ་ཅིང་ནས་བསྡུས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་དེ་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་ཧྲན་ཞི་ཞི་ཨན་ནས་སྤེལ་རྒྱུ་ཡིན་པ་དང་། གླེང་སྟེགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་རྒྱལ་ཁབ་སོ་སོའི་ཁྱབ་ཁོངས་མང་བོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། སྤྱི་བའི་ཕྱི་འབྲེལ་དང་སྲིད་ཇུས་མཐུན་སྦྱོར། དངུལ་གཏོང་སྐུལ་འདེད། ལས་གཞིའི་སྦྲེལ་མཐུད་བཅས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་གླེང་སྟེགས་ལ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ། གྲོས་མོལ་གྲོགས་པོའི་རྒྱལ་ཁབ་བཅས་དང་། རྒྱུད་གཅིག་ལམ་གཅིག་འགྲམ་བརྒྱུད་ཀྱི་རྒྱལ་ཁབ་དག་གི་ཆབ་སྲིད་མགོ་ཁྲིད་པ་དང་པུའུ་ཀྲང་རིམ་པའི་དཔོན་རིགས། ས་གནས་ཞིང་ཆེན་དང་ཁུལ་གྱི་མགོ་བ། རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་གྱི་འཐུས་མི། དེ་མིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོའི་གྲོང་ཁྱེར་གྱི་འཐུས་མི། རྒྱལ་ཁོངས་བརྒལ་བའི་ཀུང་ཟིའི་འགན་ཁུར་བ། ཆེད་མཁས་པ་སོགས་སྐུ་མགྲོན་བཅས་གདན་ཞུ་བྱེད་རྒྱུ་རེད།

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ། ཞི་ཨན་གྲོང་ཁྱེར་གྱི་ཧྲི་ཀྲང་ཡེ་ཉིག་ཕིང་གིས་མཚམས་སྦྱོར་བྱས་དོན། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་མཉམ་ལས་གོ་སྐབས་གསར་དུ་བཏོད་ནས་འཕེལ་རྒྱས་ཀྱི་མ་འོངས་པ་འཚོལ་ཞིབ་བྱེད་ཅེས་པ་དེ་ཡིན་ཞིང་། སྲིད་ཇུས་འབྲེལ་འདྲིས་དང་དངུལ་ལོར་མཉམ་ལས། དཔལ་འབྱོར་ཉོ་ཚོང་བརྗེ་རེས། ཚན་རྩལ་གསར་གཏོད། སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར་འཕེལ་རྒྱས། མི་གཞུང་གཅིག་འབྲེལ་སོགས་ཁྱབ་ཁོངས་ལ་དམིགས་ནས་ཡན་ལག་ཚོགས་ར་བཅུ་གསུམ་བཀོད་སྒྲིག་བྱེད་རྒྱུ་ཡིན། ཐེངས་འདིའི་གླེང་སྟེགས་བཟང་བོར་སྤེལ་བ་དེ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ས་ཁུལ་གྱི་ཕྱོགས་མང་གཉིས་ཕན་འབྲེལ་བ་སྲ་བརྟན་དུ་བཏང་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ས་ཁུལ་གྱི་རྣམ་པ་གསར་བའི་ས་ཁོངས་མཉམ་ལས་རྣམ་པ་གསར་སྐྲུན་བྱེད་པར་རོགས་འདེགས་བྱེད་པ་དང་། ཧྲན་ཞི་དང་ཞི་ཨན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་མཐོར་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

སྐབས་འདིའི་གླེང་སྟེགས་ནི་ཕྱི་འབྲེལ་པུའུ་ཡི་མཛུབ་སྟོན་འོག ཚོང་དོན་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ། ཀྲུང་གོའི་ས་གཤིས་རྟོག་ཞིབ་ཅུའུ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཀྲུང་གོའི་ཕྱིར་གཏོང་དངུལ་ཁང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྤྱིའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ཚན་རིག་གླིང་། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱེད་པ་ཡིན་ལ། ཧྲན་ཞི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་ཡོད།

དུས་མཉམ་དུ་ད་རུང་ཉིས་སྟོང་ཉེར་གསུམ་ལོའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་ཀྱི་དཔལ་འབྱོར་མཉམ་ལས་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོའི་ཧྲན་ཞིའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་འགྲེམ་སྟོན་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་རྒྱ་བསྐྱེད་བྱས་ནས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཚོང་རའི་སྦས་ཤུགས་སྔོན་འདོན་བྱས་ཏེ་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པར་རོགས་འདེགས་བྱེད་རྒྱུ་རེད།

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པ་ཡིན་ཞིང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་གཙོར་བྱས་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་རྒྱལ་ཁབ་དང་ས་ཁུལ་ལ་ཁ་ཕྱོགས་པའི་རིམ་པ་མཐོ་ཞིང་སྒོ་འབྱེད་རང་བཞིན་ལྡན་པའི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་ཡིན་པ་དང་། གླེང་སྟེགས་དེ་ཉིས་སྟོང་ལྔ་ལོར་སྤེལ་བ་དང་། ལོ་གཉིས་ཀྱི་ནང་ཐེངས་རེ་སྤེལ་བཞིན་ཡོད་ལ། ད་ལྟའི་བར་སྐབས་དགུ་བདེ་བླག་ངང་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།