ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་སོགས་སྲིད་དབང་བཟུང་མེད་པའི་ཏང་ཁག་མང་བོ་དང་གྲོང་ཁྱེར་སྡོད་དམངས་ཚོགས་ཁག་དགུ་བཅུ་ལྷག་གིས་ཚེས་གཉིས་ཉིན་རྒྱལ་ས་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་སུ་ཡང་བསྐྱར་གཞི་རྒྱ་ཆེ་བའི་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་བ་ནན་མོ་བཏོན།
འདུ་ཚོགས་ལ་ཞུགས་པའི་ཧན་གོའི་མང་ཚོགས་སྟོང་ཕྲག་འགའ་ཡིས་རྒྱ་མཚོའི་ནང་ཉིང་རྡུལ་བཙོག་ཆུ་གཏོང་མཚམས་མྱུར་དུ་འཇོག་དགོས་པ་དང་འཇར་པན་གྱི་ཆུའི་ཐོན་རྫས་ཚང་མ་ནང་འདྲེན་བྱེད་པར་གཏན་འགོག་བྱེད་དགོས་པ་སོགས་ཀྱི་ཁ་གཡང་མཐོན་པོར་བསྒྲགས། ཧན་གོའི་རྡུལ་ཕྲན་ནུས་པའི་བདེ་འཇགས་ཞིབ་འཇུག་ཁང་གི་མགོ་བ་ཧན་པེན་ཞེ་ཡིས་འདུ་ཚོགས་སྟེང་བཤད་རྒྱུར། རྡུལ་ཕྲན་ནུས་པའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་དམིགས་འབེན་གཙོ་བོ་ནི་འགྱེད་འཕྲོ་མཚམས་བཅད་དེ། འགྱེད་འཕྲོ་ལས་ཁོར་ཡུག་དང་རྒྱལ་དམངས་ལ་ཤུགས་རྐྱེན་མི་ཐེབས་པར་བྱེད་རྒྱུ་དེ་ཡིན་ཟེར།
ཐུན་མོང་དམངས་གཙོ་ཏང་གི་ཏང་གཙོ་ལིས་ཙེ་མེན་གྱིས་འདུ་ཚོགས་སྟེང་དུ་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡོའེ་ཡིས་འཇར་པན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་བྱ་སྤྱོད་ལ་བློ་སྤོབས་ཆེན་པོས་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།