ནེ་ཀྲི་རི་ཡཱའི་ཙུང་ཐུང་ཐིས་ནོའུ་པུའུ་ཡིས་ཉེ་སྔོན་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་ངོ་རྒོལ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་བོ་ལུང་ཁི་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནེ་ཀྲི་རི་ཡཱའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བའི་རེ་བ་ཡོད་ཟེར།
ནེ་ཀྲི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཐིས་ནོའུ་པུའུ་ཡིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ཀྱིས་ནེ་ཀྲི་རི་ཡཱའི་འཕེལ་རྒྱས་གྲུབ་འབྲས་དང་སྡེ་ཁུལ་གྱི་གཏན་འཇགས་ལ་གནོད་སྐྱེལ་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དོན་དངོས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་རེ་བཞིན་ཡོད། འཇིགས་སྐུལ་རིང་ལུགས་ཚར་གཅོད་བྱས་ན་ད་གཟོད་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་ཐུབ་ཟེར།
བོ་ལུང་ཁི་ཧྥུའུ་ཡིས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ནེ་ཀྲི་རི་ཡཱ་ཡིས་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ངོ་རྒོལ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཆར་གཞི་ལྟར་ན་ཉིས་སྟོང་ཉེར་བཞི་ལོའི་ཟླ་བཞི་བར་ཨ་པུའུ་ཅཱ་ནས་འཇིགས་སྐུལ་ངོ་རྒོལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་ནས། གཙོ་བོ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་འཇིགས་སྐུལ་ངོ་རྒོལ་གྱི་གྲོས་གཞི་གནད་དུ་འཛིན་རྒྱུ་ཡིན་ཟེར།
ནེ་ཀྲི་རི་ཡཱ་ཡིས་དུས་ཡུན་རིང་བོར་པའོ་ཁི་གནས་མཆོག་སོགས་འཇིགས་སྐུལ་རྩ་འཛུགས་ཀྱི་གནོད་པ་མྱོང་བཞིན་ཡོད། ཐིས་ནོའུ་པུའུ་ཡིས་ད་ལོའི་ཟླ་ལྔ་བར་དམ་བཅའ་བཞག་སྟེ་ཙུང་ཐུང་གི་ལས་འགན་ཁུར་རྗེས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དེ་སྲིད་གཞུང་གི་ལས་འགན་གཙོ་བོའི་གྲས་སུ་བཞག
མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ད་ལོའི་ཟླ་གཉིས་པར་སྤེལ་བའི་སྙན་ཞུ་ལྟར་ན། ནེ་ཀྲི་རི་ཡཱ་འདུས་པའི་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་དེ་འཛམ་གླིང་ཡོངས་ཀྱི་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་ལྟེ་གནས་གསར་བར་གྱུར་ཡོད་པ་དང་། ཉིས་སྟོང་ཉེར་གཅིག་ལོར་འཛམ་གླིང་ཡོངས་ཀྱི་ཟིན་ཐོ་ཡོད་པའི་འཇིགས་སྐུལ་རིང་ལུགས་ལ་རྐྱེན་ལམ་དུ་ཤོར་བའི་མིའི་ཁྲོད་ཕྱེད་ཀ་ཙམ་ས་ཁུལ་དེའི་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།