ཁྲའོ་ཞན་གྱིས་ལད་བཟོའི་འཐབ་རྩལ་གྱི་ཉིང་རྡུལ་དཔུང་འཇུག་གི་སྦྱོང་བརྡར་སྤེལ།
2023.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་གཉིས་ཉིན་གྱི་ཞོགས་པར་ལད་བཟོའི་འཐབ་རྩལ་གྱི་ཉིང་རྡུལ་དཔུང་འཇུག་གི་གཏོང་འཕེན་སྦྱོང་བརྡར་སྤེལ་བ་དང་། རྒྱང་འཕེན་འཐབ་ཇུས་སྐོར་འདེད་འཕུར་མདའ་གཉིས་གཏོང་འཕེན་བྱས། སྦྱོང་བརྡར་དེའི་དམིགས་ཡུལ་ནི་ཨ་མེ་རི་ཁ་དང་ཧན་གོས་ཉེ་སྔོན་ཡང་བསྐྱར་འཐབ་འཛིང་གནམ་གྲུ་མང་བོ་མངག་ནས་མཉམ་འབྲེལ་སྦྱོང་བརྡར་སྤེལ་བར་ཉེན་བརྡ་གཏོང་ཆེད་ཡིན་ཟེར།

བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བཏང་བའི་འབྲེལ་ཡོད་དམག་དོན་སྦྱོང་བརྡར་གྱི་བཀའ་རྒྱ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་ནུབ་ཕྱོགས་ས་ཁུལ་འཐབ་ཇུས་སྐོར་འདེད་འཕུར་མདའི་སྐྱེལ་འདྲེན་དམག་དཔུང་གིས་ཚེས་གཉིས་ཉིན་གྱི་ཞོགས་པར་ལད་བཟོའི་འཐབ་རྩལ་གྱི་ཉིང་རྡུལ་དཔུང་འཇུག་གི་གཏོང་འཕེན་སྦྱོང་བརྡར་སྤེལ་ནས། ཆིན་ཁྲོན་ཆུ་བོའི་ཁ་ནས་ཁྲའོ་ཞན་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་རྒྱང་འཕེན་འཐབ་ཇུས་སྐོར་འདེད་འཕུར་མདའ་གཉིས་གཏོང་འཕེན་བྱས་པ་དང་། འཕུར་མདའ་དེ་སྐར་ཆ་སྟོང་བདུན་དང་དྲུག་བརྒྱ་ལྷག་ལ་འཕུར་རྗེས། དམིགས་འབེན་གྱི་གླིང་ཕྲན་དེའི་བར་སྣང་གི་རྨིད་བརྒྱ་དང་ལྔ་བཅུའི་མཐོ་ཚད་ནས་འགས་གཏོར་བཏང་བ་རེད།

བསྒྲགས་པ་ལྟར་ན། ཐེངས་འདིའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཨ་མེ་རི་ཁ་དང་ཧན་གོར་ངོ་བོ་རང་བཞིན་ལྡན་པའི་ཉིང་རྡུལ་ཉམས་ཉེན་གྱི་ཉེན་བརྡ་བཏང་སྟེ། ཁྲའོ་ཞན་གྱི་དྲག་ཆའི་སྟོབས་ཤུགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་འཐབ་འཛིང་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།