སུའེ་ཏེན་གྱི་སྤྱི་ཤག་ཐོག་ཁང་ཞིག་ཏུ་འགས་གཏོར་ལས་མེ་སྐྱོན་བྱུང་ནས་ཉུང་མཐར་ཡང་མི་བརྒྱད་ལ་རྨས་ཕོག
2023.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

སུའེ་ཏེན་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། སུའེ་ཏེན་ཤར་ལྷོའི་ཕྱོགས་ཀྱི་ཞོས་ཕེན་བྱང་མ་གྲོང་ཁྱེར་གྱི་སྤྱི་ཤག་ཐོག་ཁང་ཞིག་ལ་ཉིན་དེར་འགས་གཏོར་བྱུང་སྟེ་མེ་སྐྱོན་བྱུང་ནས། ཉུང་མཐར་ཡང་མི་བརྒྱད་ལ་རྨས་ཕོག་པ་དང་། མི་བརྒྱ་དང་ལྔ་བཅུ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།

སུའེ་ཏེན་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་ཤར་ཕྱོགས་ས་ཁུལ་གྱི་མགྲིན་ཚབ་པ་ཐི་ཨིན་ཀི་ལོན་གྱིས་སུའེ་ཏེན་འཕྲིན་གཏོང་ཁང་ལ་བཤད་རྒྱུར། ཡུལ་དངོས་ནས་བརྡར་གཅོད་རགས་ཙམ་བྱས་པ་ལྟར་ན། དེ་ནི་འགད་རྫས་ལས་བྱུང་བ་ཡིན་པ་དང་། སྤྱི་བའི་བདེ་འཇགས་ལ་གནོད་སྐྱེལ་བའི་བཅའ་ཁྲིམས་ལ་ལྟར་དུ། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་མི་སྣ་གཉིས་འཛིན་བཟུང་བྱས་ཡོད། མེ་སྐྱོན་རྒྱ་ཡན་དུ་མཆེད་ནས་དུད་ནག་ལྷོག་ལྷོག་ཏུ་འཕྱུར་བས། ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཤག་ཐོག་ཁང་དེའི་ནང་དང་ཉེ་འདབས་ཀྱི་མི་བརྒྱ་དང་ལྔ་བཅུ་ཙམ་གནས་གཞན་དུ་བསྐྱལ། མིག་སྔའི་བར་དུ་ཉུང་མཐར་ཡང་རྨས་མ་བརྒྱད་སྨན་ཁང་དུ་བསྐྱལ་ཡོད། ཁང་བའི་ཁང་ཀླད་མེ་སྐྱོན་དབང་གིས་རྡིབས་ཡོད་ལ། མེ་སྐྱོན་ལ་ཚོད་འཛིན་ཐེབས་ཡོད་ཟེར།

ཁོས་མཚམས་སྦྱོར་བྱས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཤག་ཐོག་ཁང་ལ་བཀག་སྡོམ་བྱས་པ་དང་། འགད་རྫས་གཏོར་ལེན་ཆེད་མཁས་པ་ཡུལ་དངོས་སུ་འབྱོར་ནས་ཉེན་རྟོག་ཕྱོགས་དང་མཉམ་དུ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

སུའེ་ཏེན་གྱི་འབྲེལ་ཡོད་སྡེ་ཁག་གིས་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་མཐའ་མཚམས་དང་གནམ་གྲུ་ཐང་། སྤྱི་བའི་འགྲིམ་འགྲུལ་བཅས་ཀྱི་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་དེར་མིག་སྔར་འབྱུང་བཞིན་པའི་འཇིགས་སྐུལ་འཇབ་རྒོལ་གྱི་འཇིགས་ཉེན་ཆེ་བའི་རྣམ་པ་ཐག་གཅོད་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།