ཁི་ཝེ་ཐིའི་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁི་ཝེ་ཐིའི་མགོ་ཁྲིད་པ་གཞོན་པའམ་རྒྱལ་རྒྱུད་མུས་ཧྲ་ལེ་ཡིས་ཉིན་དེར་བཀའ་རྒྱ་བཀོད་དེ། ནོར་སྲིད་བློན་ཆེན་དང་སློབ་གསོའི་བློན་ཆེན་གསར་བ་བསྐོ་འཇོག་བྱས།
མགོ་ཁྲིད་པའི་བཀའ་རྒྱ་དེ་ལས་བཤད་རྒྱུར། དབུ་བཞུགས་བློན་ཆེན་ཨེ་ཧཱ་མེད་ཏིའི་གྲོས་འདོན་ལྟར། ཅཱ་ལཱ་ལཱ་ནོར་སྲིད་བློན་ཆེན་དང་མཱ་ནཱ་སློབ་གསོའི་བློན་ཆེན་དུ་བསྐོ་འཇོག་བྱས་ཟེར།
བསྒྲགས་པ་ལྟར་ན། བློན་ཆེན་གསར་བ་དེ་གཉིས་ཉིན་དེར་པེ་དབྱང་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། མུས་ཧྲ་ལེ་ཡིས་བློན་ཆེན་གསར་བ་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་ལྡབ་འགྱུར་གྱིས་བྱ་བར་འབད་འབུངས་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཁྲིམས་འཛུགས་ལས་ཁུངས་བར་མཉམ་ལས་བྱས་ནས་འགྲན་རྩོད་ཚང་མ་ཐག་གཅོད་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ཁི་ཝེ་ཐིའི་སྔོན་ཆད་ཀྱི་ནོར་སྲིད་བློན་ཆེན་ཧཱ་ཅེ་ལི་ཡིས་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ལས་སྐྱུར་དགོངས་ཞུ་བྱས་པ་དང་། སྔོན་ཆད་ཀྱི་སློབ་གསོའི་བློན་ཆེན་ཨ་ཏཱ་ཝ་ནེ་ཡིས་ཀྱང་ཟླ་དེའི་ཚེས་བཅུ་བདུན་ཉིན་ལས་སྐྱུར་དགོངས་ཞུ་བྱས་པ་རེད།
ཁི་ཝེ་ཐིའི་གྲོས་ཁང་གིས་གླིང་གཅིག་ལམ་ལུགས་ལག་བསྟར་བྱེད་པ་དང་། སྐབས་རེའི་འགན་ཡུན་ལོ་ངོ་བཞི་ཡིན་ལ། དུས་ཡུན་རིང་བོར་ཁི་ཝེ་ཐིའི་སྲིད་འཛིན་ལས་ཁུངས་དང་རྒྱལ་དམངས་གྲོས་ཁང་གི་འབྲེལ་བ་ཛ་དྲག་ཡིན་པ་དང་། གྲོས་མི་མང་བོས་ཐེངས་མང་བོར་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིར་དོགས་འདྲི་བྱས་མྱོང་།
བསོད་ནམས་ཚེ་རིང་གིས་བསྒྱུར།