རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་ཉེ་སྔོན་རི་ནེ་ཝ་ནས་བསྟན་དོན། རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་གྱིས་རྒྱལ་ཁབ་དང་ས་ཁུལ་མང་བོའི་རྨང་གཞིའི་སྒྲིག་ཆས་ཀྱི་གནས་ཚུལ་ལེགས་བཅོས་བྱས་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་འདོན་ཅིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་ལས་དོན་ཆེད་བྱས་རྗེས་བཞག་ཡོད་ཟེར།
ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་རི་ནེ་ཝའི་སྤྱི་ཁྱབ་པུའུ་ནས་ཞིན་ཧྭ་གསར་འགྱུར་ཁང་སོགས་ཀྲུང་གོའི་སྨྱན་བྱད་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་དེ་མི་ཆོས་རིང་ལུགས་ཀྱི་དགོངས་པ་དང་གཅིག་མཐུན་ཡིན་པ་དང་། རྒྱུན་མཐུད་ཐུབ་པའི་བྱེད་ཐབས་ཀྱིས་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་མི་རྣམས་ལ་རོགས་རམ་བྱེད་ཐུབ་ཟེར།
ཧྲི་པའོ་ལེ་ཡཱ་ཆི་ཡིས་བཤད་རྒྱུར། མི་ཆོས་རྩ་འཛུགས་ཡིན་པའི་ཆ་ནས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལས་དུས་ཡུན་ཐུང་ངུ་ཙམ་མ་ཡིན་པར་རྒྱུན་མཐུད་ཐུབ་པའི་ཤུགས་རྐྱེན་འབྱུང་བར་རེ་བཞིན་ཡོད་ཟེར།
ནམ་ཟླའི་འགྱུར་ལྡོག་གིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་གླེང་སྐབས་ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་བསྟན་དོན། དབུལ་ཕོངས་དང་དྲག་ཤུགས། འཁྲུག་རྩོད། ནམ་ཟླའི་འགྱུར་ལྡོག་བཅས་ངན་ཐོག་ངན་འཁོར་བྱེད་བཞིན་ཡོད། འཁྲུག་རྩོད་དེ་རྒྱུན་པར་དཔལ་འབྱོར་གཙོ་བོ་ཞིང་ལས་ལ་བརྟེན་པའི་ས་ཁུལ་དུ་འབྱུང་བཞིན་ཡོད། ས་ཁུལ་མང་བོར་དབུལ་ཕོངས་ལས་འཁྲུག་རྩོད་བྱུང་བ་དང་། རང་བྱུང་གནོད་འཚེ་ལས་དབུལ་ཕོངས་གནས་བབ་ཇེ་སྡུག་ཏུ་གཏོང་བཞིན་ཡོད། ཁོ་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། རང་བྱུང་གནོད་འཚེ་ཐེབས་པའི་ས་ཁུལ་དེ་དག་ལ་རོགས་རམ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ནས་ནམ་ཟླའི་འགྱུར་ལྡོག་ལས་ས་ཁུལ་དེ་དག་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཡང་དུ་གཏོང་དགོས་ཟེར།
ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་བཤད་རྒྱུར། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་བར་འབྲེལ་འདྲིས་ཟབ་མོ་དང་ཕན་ནུས་ལྡན་པའི་མཉམ་ལས་བྱེད་པ་སྲུང་འཛིན་བྱེད་རྒྱུ་ཡིན་པ་དང་། དེའི་ཐད་ཀྱི་གྲོས་མོལ་ལ་མུ་མཐུད་དུ་ཤུགས་སྣོན་ཐོབ་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།