སུའེ་ཏེན་ལྷོ་ཕྱོགས་ས་ཁུལ་དུ་ཟིང་འཁྲུག་བྱུང་སྟེ་མི་བཅུ་ལྷག་འཛིན་བཟུང་བྱས།
2023.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སུའེ་ཏེན་ལྷོ་ཕྱོགས་ཀྱི་མཱ་ཨར་མའོ་གྲོང་ཁྱེར་ནས་ཚེས་གསུམ་ཉིན་གྱི་ནམ་གུང་ནས་ཚེས་བཞི་ཉིན་བར་ཟིང་འཁྲུག་དོན་རྐྱེན་ཐེངས་མང་བྱུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་མི་བཅུ་ལྷག་འཛིན་བཟུང་བྱས།

སུའེ་ཏེན་བརྙན་འཕྲིན་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཚེས་གསུམ་ཉིན་གྱི་ནམ་གུང་ནས་ཚེས་བཞི་ཉིན་གྱི་ཞོགས་པའི་བར། སུའེ་ཏེན་གྱི་གྲོང་ཁྱེར་ཆེན་མོ་ཨང་གསུམ་པ་མཱ་ཨར་མའོ་ནས་ཟིང་འཁྲུག་དོན་རྐྱེན་ཐེངས་མང་བྱུང་སྟེ། གད་སྙིགས་ཐག་གཅོད་བྱེད་ས་ཞིག་དང་ས་འོག་རླངས་འཁོར་འཇོག་ས་ཞིག དེ་མིན་རླངས་འཁོར་མང་བོ་མེར་བཏང་ཡོད་ལ། ཟིང་འཁྲུག་ལ་ཞུགས་པའི་གདོང་ཁེབས་ཅན་དག་གིས་ཉེན་རྟོག་པ་དང་ཉེན་རྟོག་པའི་རླངས་འཁོར་ལ་རྡོ་བས་བརྒྱབ་པ་རེད།

ས་དེའི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་སི་ཐིན་ཁུའུ་ལཱ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་དུ་དོན་རྐྱེན་བྱུང་སའི་ས་ཁུལ་གྱི་དོགས་ཟོན་ལ་ཤུགས་སྣོན་བྱས་ཏེ། གནས་བབ་སྔར་ཇས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།

ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨོར་སུང་གིས་བསྟན་དོན། ཟིང་འཁྲུག་བྱུང་བའི་རྒྱུ་རྐྱེན་གཅིག་ནི་ཚེས་གསུམ་ཉིན་མཱ་ཨར་མའོ་ནས་ཆོག་མཆན་ཐོབ་པ་ལྟར་ཆོས་ལུགས་ཀྱི་བསྟན་བཅོས་མེར་བསྲེག་པའི་བྱ་བ་སྤེལ་བ་དེ་ཡིན། ནམ་གུང་དྲག་ཤུགས་ཟིང་འཁྲུག་བྱུང་སྐབས། ཡུལ་དངོས་སུ་མི་བརྒྱ་ཕྲག་ཙམ་འདུས་ནས་ལང་ལོང་སྒོས་ཉེན་རྟོག་པའི་རླངས་འཁོར་དང་ཉེན་རྟོག་པར་རྡོ་བས་བརྒྱབ་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།