ཙེམ་པབ་ཝེའི་གསར་དུ་བདམས་པའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2023.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཙེམ་པབ་ཝེའི་གསར་དུ་བདམས་པའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས་བཞི་ཉིན་རྒྱལ་ས་ཧཱ་ལཱ་ལོས་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཁོའི་ཐེངས་གཉིས་པའི་ལོ་ལྔའི་འགན་ཡུན་མགོ་བརྩམས།

ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ལས་འགན་ཁུར་བའི་མཛད་སྒོ་དེ་ཉིན་དེར་རྒྱལ་ཁབ་ལུས་རྩལ་ར་བ་ནས་སྤེལ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་དང་འཐུས་མི་མཛད་སྒོར་ཞུགས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཆང་མཛད་སྒོར་ཞུགས།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་བསྟན་དོན། འགན་ཡུན་གསར་བའི་ནང་ཁོས་ཞིང་སྡེའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲ་བརྟན་དུ་བཏང་སྟེ་མུ་མཐུད་དུ་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ལས་དོན་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་བཟོ་སྐྲུན་ནུས་པ་དང་ནུས་ཁུངས་མཁོ་འདོན་ནུས་པ་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར།

ཙེམ་པབ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ད་ལྟའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་དྲུག་གི་འདེམ་ཤོག་ཐོབ་ནས་ཡང་བསྐྱར་ཙུང་ཐུང་དུ་བདམས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།