ཨར་ཅི་རི་ཡཱའི་འཕྲོད་བསྟེན་པུའུ་ཀྲང་སེ་དབྱེ་ཞི་ཡིས་ཚེས་གསུམ་ཉིན་རྒྱལ་ས་ཨར་ཅིར་ནས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་མཉམ་ལས་དེ་ཨར་ཅི་རི་ཡཱ་དང་ཀྲུང་གོའི་མཉམ་ལས་ཁྱབ་ཁོངས་སོ་སོའི་མིག་དཔེ་རུ་གྱུར་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཟབ་མོ་མངོན་པར་མཚོན་ཡོད་ཟེར།
སེ་དབྱེ་ཞེ་ཡིས་ཨར་ཅི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་སྤེལ་བའི་ཀྲུང་གོའི་སྐོར་ཐེངས་ཉེར་བདུན་པའི་ཨར་ཅི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ལ་སྐྱེལ་མ་བྱེད་པའི་མཛད་སྒོའི་སྟེང་ཨར་ཅི་རི་ཡཱའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ། ཀྲུང་གོའི་སྲིད་གཞུང་དང་རོགས་སྐྱོར་སྨན་བཅོས་རུ་ཁག་ལ་བཀའ་དྲིན་ཞུས་པར་མ་ཟད། སྨན་བཅོས་རུ་ཁག་གི་རུ་མི་ཡོངས་ལ་གཟི་བརྗིད་དཔང་ཡིག་བྱིན། ཁོས་བཤད་རྒྱུར། ཨར་ཅི་རི་ཡཱ་དང་ཀྲུང་གོའི་སྨན་བཅོས་མཉམ་ལས་ལ་ལོ་ངོ་དྲུག་ཅུའི་ལོ་རྒྱུས་ཡོད་པ་དང་། བླངས་པའི་གྲུབ་འབྲས་དེ་སྨན་བཅོས་རུ་ཁག་གི་དཀའ་སྤྱད་འབད་འབུངས་དང་འབྲལ་ཐབས་མེད་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དེ་མཉམ་ལས་ཁྲོད་ཇེ་ཟབ་ཏུ་སོང་ཡོད་ཟེར།
སེ་དབྱེ་ཞེ་ཡིས་བསྟན་དོན། ཨར་ཅི་རི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་དང་། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་སྨན་བཅོས་འཕྲོད་བསྟེན་དང་ལག་རྩལ་ཁྱབ་ཁོངས་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་རེ་བཞིན་ཡོད་ལ། ཀྲུང་གོས་ཨར་ཅི་རི་ཡཱའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མ་དངུལ་གཏོང་བར་དགའ་བསུ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།