ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་སོ་ཆི་ནས་གྲོས་མོལ་བྱས་ཏེ་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2023.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཞི་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་སོ་ཆི་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་དཔལ་འབྱོར། ཆབ་སྲིད། མི་གཞུང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་དང་། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་དང་ཐུར་ཁེའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོའི་འབྲེལ་བ། གཉིས་ཕན་གྱི་རྩ་དོན་རྨང་གཞིའི་སྟེང་གི་མཉམ་ལས་དེ་ཁྱབ་ཁོངས་སོ་སོར་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་བསྟུད་མར་འཕར་བཞིན་ཡོད། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱིས་དངུལ་ལོར་བཀོལ་ནས་རྩིས་སྤྲོད་བྱེད་པའི་སྣང་ཚུལ་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད་པ་དང་། མེ་སྒོར་དང་ཡོ་སྒོར་གྱིས་རྩིས་སྤྲོད་བྱེད་པའི་འབོར་གྲངས་བསྟུད་མར་ཇེ་ཉུང་དུ་སོང་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ནུས་ཁུངས་ཁྱབ་ཁོངས་ཀྱི་མམཉ་ལས་ལ་ངེས་པ་དོན་གྱི་འཐབ་ཇུས་དོན་སྙིང་ལྡན། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་ནས་འཛུགས་སྐྲུན་བྱས་པའི་ཨ་ཁུའུ་ཡུག་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་ལྷུ་སྒྲིག་འཕྲུལ་ཆས་དང་པོ་དེ་སང་ལོར་བེད་སྤྱོད་བྱེད་རྒྱུ་ཡིན་ལ། ཨུ་རུ་སི་ནི་ཐོག་མཐའ་བར་གསུམ་དུ་བློ་གཏད་རུང་བའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་རྒྱལ་ཁབ་ཡིན་པས། མུ་མཐུད་དུ་ཐུར་ཁེ་ལ་ཕན་ནུས་མཐོ་ཞིང་ཁོར་སྲུང་གི་འབར་རྫས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་གནས་བབ་གླེང་སྐབས་ཕུའུ་ཅིན་གྱིས་ཨུ་རུ་སིའི་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་སླར་གསོ་བྱེད་པའི་རྩ་དོན་ལངས་ཕྱོགས་བསྐྱར་སྒྲོག་བྱས། ཁོས་བསྟན་དོན། གལ་ཏེ་གྲོས་མཐུན་ཁྲོད་ཀྱི་ཨུ་རུ་སིའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་ཚད་བཀག་མེད་པར་གཏོང་བའི་སྐོར་གྱི་ནང་དོན་ཕྱོགས་ཡོངས་ནས་སླར་གསོ་བྱུང་ན། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མཐུན་དེ་མྱུར་དུ་སླར་གསོ་བྱེད་པར་བསམ་བློ་གཏོང་འདོད་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་འབད་བརྩོན་ཆེན་པོས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་སླར་གསོ་བྱེད་པའི་གྲོས་མོལ་གསར་བ་རབ་དང་རིམ་པ་སྤེལ་འདོད་ཡོད་ཟེར། ཁོས་བཤད་རྒྱུར། ཐུར་ཁེ་དང་ཨུ་རུ་སིའི་ཁྱིམ་མཚེས་དང་མཛའ་མཐུན། རྣམ་དག་བཅས་ཀྱི་རྩ་དོན་སྟེང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཁེ་ཕན་དང་འཚམ་པར་མ་ཟད། མུ་མཐུད་དུ་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བྱས་རྗེས་འཇོག་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།