ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་དང་ཅོར་ཏན་གཙང་བོའི་གྲོག་རོང་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་ཟེར།
ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ལྔ་ཉིན་གྱི་ཞོགས་པར་ཐུའུ་ལེ་ཁའེ་ཨར་མུའུ་ཉེ་འདབས་ཀྱི་ཡུལ་གྱར་བའི་སྒར་ས་ཞིག་དུ་སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས་ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་བ་དང་། དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་ཐོས་ཐུབ་ཟེར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ལོ་ཉེར་གཅིག་ཅན་གྱི་ཕཱ་ལེ་སི་ཐན་གྱི་ན་གཞོན་པ་ཞིག་དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདས་བརྒྱབ་ནས་བསད་པ་དང་། གཞན་ཡང་མི་གཅིག་ལ་རྨས་ཕོག་ཡོད་ཟེར།
གཞན་ཡང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དབྱི་སི་རལ་གྱི་དམག་མིར་འགད་རྫས་གཡུགས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདས་བརྒྱབ་ནས་རྒོལ་ལན་སྤྲད་པ་ཡིན་ལ། དེའི་སྐབས་སུ་དབྱི་སི་རལ་གྱི་མི་སྣར་ཤི་རྨས་ཐེབས་མེད་ཟེར།
ཕཱ་ལེ་སི་ཐན་གྱི་མཱ་ཨན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་མེ་མདའ་བཟུང་བའི་མི་ཞིག་གིས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཅོར་ཏན་གཙང་བོའི་གྲོག་རོང་ས་ཁུལ་ནས་དབྱི་སི་རལ་གྱི་དམག་དཔུང་ལ་མེ་མདས་བརྒྱབ་པ་དང་། དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་ནས་རྒོལ་ལན་སྤྲད་དེ་མི་དེ་བསད་ཟེར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ་ཕཱ་ལེ་སི་ཐན་གྱི་མི་གཅིག་དབྱི་སི་རལ་གྱི་དམག་གིས་བསད་པ་ཁས་ལེན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།