ནེ་ཀྲིར་གྱི་དམག་དོན་སྲིད་གཞུང་གི་འགྲིམ་འགྲུལ་ལས་དོན་གྱི་མགྲིན་ཚབ་པ་ཞིག་གིས་ཚེས་བཞི་ཉིན་བཤད་རྒྱུར། མཁའ་ཁོངས་བཀག་རྒྱ་བསྡམས་ནས་ཟླ་ངོ་གཅིག་ཙམ་འགོར་རྗེས། དམག་དོན་སྲིད་གཞུང་གིས་ད་ལྟ་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ལས་ཐད་ཀྱི་གནམ་གྲུ་ཚང་མར་ཡང་བསྐྱར་རྒྱལ་ཁབ་རང་གི་མཁའ་ཁོངས་སྒོ་འབྱེད་བྱས་ཡོད་ཟེར།
ཟླ་བརྒྱད་པའི་ཚེས་དྲུག་ཉིན། ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དམག་དོན་ཐེ་གཏོགས་ཀྱི་འཇིགས་ཉེན་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་མཁའ་ཁོངས་བཀག་རྒྱ་བསྡམས་པ་དང་། བཀག་སྡོམ་བཀའ་རྒྱ་དེ་དང་འགལ་བའི་གཡོ་ཇུས་གང་རུང་ལ་དུས་ལྟར་རྒོལ་ལན་སྤྲོད་ངེས་ཡིན་ཟེར། རྒྱལ་ཁབ་དེའི་མཁའ་ཁོངས་བཀག་སྡོམ་བྱས་པའི་ཤུགས་རྐྱེན་ལས་ཡོ་རོབ་གླིང་མཁའ་འགྲུལ་ཀུང་ཟི་ཡིས་གནམ་གྲུ་སྐོར་ཞིག་གཏོང་མཚམས་བཞག་པ་དང་། གནམ་གྲུ་གཞན་པ་གཏོང་སྐབས་ཀྱང་བསྐོར་ནས་མི་འགྲོ་ཐབས་མེད་ཡིན་པས་འཕུར་ཐག་ཇེ་རིང་དུ་སོང་ཡོད་པ་རེད།
ནེ་ཀྲིར་གྱི་ཙུང་ཐུང་ཉེན་སྲུང་རུ་ཁག་གི་དམག་མི་སྐོར་ཞིག་གིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ཙུང་ཐུང་པཱ་ཙུའུ་མུའུ་བཀག་འཇུག་བྱས་ཏེ། མེས་རྒྱལ་བདེ་སྲུང་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། པཱ་ཙུའུ་མུའུ་ཡི་ཙུང་ཐུང་དབང་ཆ་བླངས་ནས་དམག་དོན་སྲིད་དབང་གིས་རྒྱལ་ཁབ་ཀྱི་ལས་དོན་ལ་བདག་དམ་བྱས་པ་རེད།
ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། སྲིད་འགྱུར་ལ་ཞུགས་པའི་ནེ་ཀྲིར་གྱི་དམག་མིས་པཱ་ཙུའུ་མུའུ་བཏང་ནས་ཁོའི་འགན་དབང་སླར་གསོ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། འབྲེལ་ཡོད་རེ་བ་དེ་གཟའ་འཁོར་གཅིག་གི་ནང་ཡིད་བཞིན་དུ་མ་བསྐང་ན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་དམག་དོན་ཐེ་གཏོགས་དང་བཅས་པའི་བྱེད་ཐབས་གང་རུང་སྤྱད་ནས། ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པར་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན།
ཟླ་བརྒྱད་པའི་ཚེས་བཅུ་ཉིན། སྲིད་འགྱུར་དམག་མིས་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་རང་གི་མགོ་ཁྲིད་པ་ཆི་ཡཱ་ནེ་ཡིས་བཀོད་པའི་བཅའ་ཁྲིམས་བཀའ་རྒྱ་བསྒྲགས་ནས་སྲིད་གཞུང་གསར་བ་བཙུགས་པ་ཁྱབ་བསྒྲགས་བྱས། ཉིན་དེར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ས་ཁུལ་གྱི་རྒྱུན་གྲབས་དམག་དཔུང་མངག་ནས་ནེ་ཀྲིར་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
པཱ་ཙུའུ་མུའུ་མིག་སྔར་བཟང་བཙོན་ལ་བཅུག་ཡོད་པ་དང་། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ད་ལྟའི་བར་དམག་དོན་ཐེ་གཏོགས་ཀྱི་འགུལ་སྐྱོད་གང་ཡང་ལག་བསྟར་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།