སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་པུའུ་ཀྲང་གནས་ཚུལ་དྲངས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཟླ་བདུན་པ་ནས་བཟུང་ཉིན་རེར་རང་འགུལ་གྱིས་རྡོ་སྣུམ་ཟོ་བ་ས་ཡ་གཅིག་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེ་ཟླ་བཅུ་གཉིས་པར་རྒྱུན་བསྲིང་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་རྒྱུན་བསྲིང་བྱས་རྗེས་སོ་ཏི་ཨ་རབ་ཀྱིས་ཟླ་བཅུ་བ་ནས་ཟླ་བཅུ་གཉིས་པའི་བར་གྱི་རྡོ་སྣུམ་གྱི་ཉིན་རེའི་ཐོན་ཚད་ཟོ་བ་ས་ཡ་དགུ་ཡས་མས་ཡིན་པ་རེད། དེའི་ཞོར་དུ་སོ་ཏི་ཨ་རབ་ཀྱིས་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེར་ཟླ་རེའི་དཔྱད་འཇོག་བྱས་ཏེ། ལེགས་སྒྲིག་བྱེད་དགོས་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། སྣུམ་ཟོ་བ་ས་ཡ་གཅིག་གི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ནི་སོ་ཏི་ཨ་རབ་ཀྱིས་ཟླ་བཞི་བར་ཁྱབ་བསྒྲགས་བྱས་པའི་རང་འགུལ་གྱིས་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཀྱི་རྨང་གཞིའི་སྟེང་ཐོན་ཚད་ཇེ་ཉུང་དུ་གཏོང་བ་ཁ་སྣོན་བྱས་པ་ཡིན་ལ། དམིགས་ཡུལ་ནི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་དང་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་མ་ཡིན་པའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་རྡོ་སྣུམ་ཚོང་རའི་གཏན་འཇགས་དང་དོ་མཉམ་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་ཆེད་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།