ཐེ་གོའི་ཙུང་ལི་སེ་ཐཱ་དང་སྐབས་གསར་བའི་སྲིད་འཛིན་ལས་ཁུངས་ཀྱིས་ཚེས་ལྔ་ཉིན་མན་ཀུའུ་ལོས་ཧྲི་ཕོ་བྲང་ནས་རྒྱལ་བོ་ཝ་ཅི་ལཱ་ལུང་ཀུང་ལ་དམ་བཅའ་བཞག་སྟེ་ལས་འགན་ཁུར།
སེ་ཐཱ་ཡིས་དམ་བཅའ་འཇོག་པའི་མཛད་སྒོ་མཇུག་སྒྲིལ་རྗེས་སྨྱན་བྱད་ལ་བསྟན་དོན། སྲིད་གཞུང་གསར་བས་དཀའ་གནད་ཐག་གཅོད་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་བསྐང་བའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། ཁོས་ཁྱབ་བསྒྲགས་བྱས་དོན། སྲིད་གཞུང་གསར་བས་ཚེས་བཅུ་གཅིག་ཉིན་རྒྱལ་ཚོགས་ལ་སྲིད་སྐྱོང་སྙན་ཞུ་འབུལ་རྒྱུ་མ་ཟད། སྲིད་འཛིན་ལས་ཁུངས་གསར་བའི་གྲོས་ཚོགས་ཐེངས་དང་པོ་སྤེལ་རྒྱུ་ཡིན་ཟེར།
ཐེ་གོའི་རྒྱལ་བོས་ཉེ་སྔོན་མི་སོ་བཞི་ཡིས་གྲུབ་པའི་སྲིད་འཛིན་ལས་ཁུངས་གསར་བའི་མིང་ཐོར་ཆོག་མཆན་བཀོད་པ་དང་། སེ་ཐཱ་ཡིས་ཙུང་ལིའམ་ནོར་སྲིད་བློན་ཆེན་གྱི་འགན་ཁུར་ཡོད་ལ། ཙུང་ལི་གཞོན་པ་བསྡོམས་པས་མི་དྲུག་ཡོད། སེ་ཐཱ་ཡོད་སའི་ཐེ་ཏང་གིས་མགོ་ཁྲིད་པའི་ཏང་ཁག་བཅུ་གཅིག་གི་མནའ་འབྲེལ་ཁྲོད་དུ། ཏང་ཁག་དྲུག་ལ་སྲིད་འཛིན་ལས་ཁུངས་ཀྱི་ལས་གནས་ཐོབ་ཡོད། ནོར་སྲིད་པུའུ་ལས་གཞན་ཐེ་ཏང་གིས་ད་རུང་ཚོང་ལས་པུའུ་དང་ཕྱི་འབྲེལ་པུའུ། སྤྱི་བའི་འཕྲོད་བསྟེན་པུའུ། རྒྱལ་སྲུང་པུའུ། རིག་གནས་པུའུ། འགྲིམ་འགྲུལ་པུའུ་སོགས་སྡེ་ཁག་བདག་ཏུ་བཟུང་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།