པཱ་ཞིའི་ལྷོ་ཕྱོགས་ཀྱི་ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེའི་མགོ་བ་ལའེ་ཐི་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་ཆར་བབས་པ་ལས་བྱུང་བའི་ཆུ་ལོག་ལས་མངའ་སྡེ་དེ་ནས་མི་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉེ་འདབས་ཀྱི་ཧྲིན་ཁཱ་ཐཱ་ལིན་ནཱ་མངའ་སྡེའི་མེ་གསོད་སྡེ་ཁག་གིས་དེའི་སྔོན་ཁས་ལེན་བྱས་དོན། གནོད་འཚེ་རང་བཞིན་གྱི་ནམ་ཟླ་ལས་མངའ་སྡེ་དེ་ནས་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར།
ལའེ་ཐི་ཡིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེ་ཡིས་སྤྱི་བའི་བྲེལ་མྱུར་དོགས་ཟོན་བྱས་པ་དང་། མངའ་སྡེ་སྲིད་གཞུང་གིས་རྒུད་སྐྱོབ་སྟོབས་ཤུགས་རྩ་འཛུགས་བྱས་ནས་མུ་མཐུད་དུ་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྤེལ་རྒྱུའི་ཚུལ་བསྟན། ཁོས་ཚེས་ལྔ་ཉིན་གྱི་དགོང་མོར་ས་དེའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་དྲག་རླུང་ལས་བྱུང་བའི་ཆུ་ལོག་གི་གནོད་འཚེ་ནི་ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེ་ཡིས་ལོ་ངོ་བཞི་བཅུའི་རིང་ཐེབས་པའི་ཆེས་ཚབས་ཆེ་བའི་རང་བྱུང་གནོད་འཚེ་ཞིག་རེད།
ལི་ཨོ་ཀི་ལན་ཏི་ལྷོ་མའི་མངའ་སྡེའི་སྲིད་གཞུང་གིས་བཤད་རྒྱུར། ཚེས་དྲུག་ཉིན་གྱི་སྔ་དྲོར་མངའ་སྡེ་དེའི་གྲོང་ཁྱེར་བདུན་ཅུར་གནོད་འཚེ་ཐེབས་པ་དང་། མི་ཁྲི་ལྔ་དང་སྟོང་གཉིས་ལྷག་ལ་ཤུགས་རྐྱེན་ཐེབས་ཡོད་ལ། གཞུང་ལམ་བཅོ་བརྒྱད་རྩ་བ་ནས་བཀག་ཡོད།
པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས་དྲུག་ཉིན་གྱི་ཞོགས་པར་བསྟན་དོན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེའི་རྒུད་སྐྱོབ་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེའི་དམངས་སྲུང་སྡེ་ཁག་གིས་བསྟན་དོན། པཱ་ཞིའི་དམག་དཔུང་དང་འདབས་འབྲེལ་གྱི་ཧྲིན་ཁཱ་ཐཱ་ལིན་ནཱ་མངའ་སྡེ་དང་པཱ་ལཱ་ནཱ་མངའ་སྡེ་ཡིས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་ཚོགས་པ་མངག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།