ཨ་ཧྥེ་རི་ཁ་གླིང་གི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ནས་ནེ་ལོ་པུས་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།
2023.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཨ་ཧྥེ་རི་ཁ་གླིང་གི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ཚེས་དྲུག་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་གྲོལ་བ་དང་། གྲོས་ཚོགས་ནས་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པའི་ནམ་ཟླའི་འགྱུར་ལྡོག་གི་ནེ་ལོ་པུས་བསྒྲགས་གཏམ་དང་འགུལ་སྐྱོད་སྐོར་གྱི་འབོད་སྐུལ་ལ་གྲོས་འཆམ་བྱུང་སྟེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལག་རྡང་སྦྲེལ་ནས་དྲོད་རླངས་ཕྱིར་གཏོང་ཚད་ཇེ་དམའ་རུ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་འབྲེལ་ཡོད་ཀྱི་དངུལ་གཏོང་དང་ལག་རྩལ་གྱི་རོགས་སྐྱོར་དམ་བཅའ་ལག་ལེན་དུ་བསྟར་དགོས་པའི་སྐུལ་མ་བཏང་།

བསྒྲགས་གཏམ་ལས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ལ་འཛམ་གླིང་སྟེང་ཆེས་ན་གཞོན་པའི་མི་གྲངས་ཀྱི་གྲུབ་ཚུལ་ཡོད་པ་དང་། འཛམ་གླིང་སྟེང་མི་གྲངས་འཕར་ཚད་ཆེས་མགྱོགས་པའི་ས་ཁུལ་ཞིག་ཡིན་ལ། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་འཕེལ་རྒྱས་སྦས་ཤུགས་ཆེན་པོ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཡོད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མགོ་ཁྲིད་པས་བསྒྲགས་གཏམ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་ལ་རོགས་རམ་བྱས་ཏེ་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་གློག་འདོན་ནུས་པ་མཐོར་འདེགས་བྱས་ནས། ཉིས་སྟོང་ཉེར་གཉིས་ལོའི་ཝ་ཐི་ཐེར་ཆེན་ལྔ་དང་ཐེར་འབུམ་དྲུག་ནས་ཉིས་སྟོང་སུམ་ཅུ་ལོའི་ཝ་ཐི་ཁྲག་ཁྲིག་གསུམ་ལ་ཇེ་མཐོར་གཏོང་རྒྱུའི་གྲོས་གཞི་བཏོན།

དེའི་ཞོར་དུ་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པས་བསྒྲགས་གཏམ་ལས་ནན་གྱིས་བསྟན་དོན། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་དམ་བཅའ་བརྩི་སྲུང་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཁས་ལེན་བྱས་པའི་ནམ་ཟླའི་འགྱུར་ལྡོག་ཐད་ཀྱི་དངུལ་གཏོང་དམ་བཅའ་ལག་བསྟར་བྱེད་དགོས་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཀྱང་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ངེས་པར་དུ་རང་གི་དམ་བཅའ་ལག་བསྟར་བྱེད་དགོས་ཟེར།

མཐོ་རིམ་གྲོས་ཚོགས་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་སྤྱོད་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར། ཨ་ཧྥེ་རི་ཁ་གླིང་གི་ནམ་ཟླའི་འགྱུར་ལྡོག་དབང་གིས་བྱུང་བའི་གྱོང་གུད་དེ་ཚོད་དཔག་བྱས་ན་མེ་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་བཞི་དུང་ཕྱུར་ལྔར་བསླེབས་སྲིད། ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་ལོ་རེར་ཐེབས་པའི་གྱོང་གུད་ནི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་ལྔ་ནས་བཅུ་ཡིན་ཟེར།

དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་འདས་པའི་ལོ་ངོ་ཉིས་བརྒྱ་ལྷག་རིང་གི་བཟོ་ལས་ཅན་གྱི་བརྒྱུད་རིམ་ཁྲོད་དྲོད་རླངས་གང་འདོད་དུ་ཕྱིར་གཏོང་བྱས་ཡོད་པས། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐད་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡོད་པ་རེད། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཀྱི་ཐུན་མོང་ལྟ་ཚུལ་ཞིག་རེད། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཉིས་སྟོང་དགུ་ལོར་སྤེལ་བའི་ཀི་པིན་ཧཱ་ཀིན་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྟེང་ལོ་རེར་མེ་སྒོར་ཁྲག་ཁྲིག་གཅིག་འདོན་སྤྲོད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། དུས་ཡུན་རིང་བོ་འགོར་ཡང་དམ་བཅའ་དེ་ལག་བསྟར་བྱས་མེད།

མཐོ་རིམ་གྲོས་ཚོགས་ནས་གྲོས་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད། ཚོགས་ཞུགས་སྐུ་མགྲོན་མང་བོས་རྒྱལ་སྤྱིའི་དངུལ་ལོར་མ་ལག་ལ་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་དངུལ་ལོར་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་བཅས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཆེ་མཐོང་དཔལ་འབྱོར་གནས་ཚུལ་ལེགས་བཅོས་བྱེད་པར་རོགས་རམ་དང་སྔར་ལས་ལྷག་པའི་སྒོ་ནས་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་དངུལ་ལོར་མ་ལག་ལ་ངེས་པར་དུ་བཅོས་བསྒྱུར་བྱས་ན་ད་གཟོད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོགས་པོར་གྱུར་སྲིད་ལ། ད་གཟོད་རྒྱལ་ཁབ་དེ་དག་ལ་རོགས་རམ་བྱས་ནས་དྲང་བདེན་ལུགས་མཐུན་གྱི་ཐབས་ཀྱིས་ལྷད་མེད་སྤོར་བསྒྱུར་མངོན་འགྱུར་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།